༢༠༡༦ ཟླ་ ༦ ཚེས་ ༡༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་བོད་ཀྱི་གསོལ་མགྲོན་ཁང་དུ། སྐུ་མགྲོན་གཙོ་བོ་ནང་སྲིད་དྲུང་འཕར་དཔལ་ལྡན་དོན་གྲུབ་ལགས་དང་། རྡ་ས་ཁུལ་གྱི་དགོན་སྡེ་གྲྭ་ཚང་གི་ཕྱག་མཛོད། སློབ་གྲྭ་དང་ཚོགས་སྐྱིད་ཁག་གི་སྐུ་ཚབ། འཕགས་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཇེ་སིངྒ་མན་ཀོ་ཊི་ཡ་Mr Ajay Singh Mankotia ལགས་སོགས་ནས་ཟླ་བ་རིན་ཆེན་ལགས་སྐབས་ ༤ རྡ་ས་ས་གནས་འགོ་འཛིན་དུ་འོས་འདེམས་བྱུང་བར་འཚམས་འདྲི་ཞུས་ཡོད། མཛད་སྒོའི་ཐོག་མར་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་འབུལ་དང་སྦྲགས་དྲུང་འཕར་དཔལ་ལྡན་ལགས་ཀྱིས་སྣང་གསལ་ཞལ་ཕྱེ་གནང་རྗེས། རིམ་བཞིན་ཚོགས་བཅར་བ་རྣམས་ཀྱིས་ཟླ་བ་རིན་ཆེན་ལགས་ལ་འཚམས་འདྲིའི་མཇལ་དར་ཕུལ་རྗེས་རྟེན་འབྱུང་གསོལ་ཇ་དང་འབྲས་གསིལ་ཕུལ། དེ་རྗེས་རྡ་ས་ས་གནས་འགོ་འཛིན་ཟུར་པ་ཚེ་རིང་ལྷ་མོ་ལགས་དང་། ས་གནས་འགོ་འཛིན་ཟླ་བ་རིན་ཆེན་ལགས། ནང་སྲིད་དྲུང་འཕར་བཅས་ནས་གསུང་བཤད་གནང་ཡོད་པ་བཅས།།