ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༣༠ རེས་གཟའ་ཕུར་བུ།
༄༅། །བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་དང་རྩོམ་པ་པོ་པདྨ་ཚེ་བརྟན་ལགས་མཚོ་སྔོན་ཟི་ལིང་གྲོང་ཁྱེར་གྱི་གནམ་ཐང་ནས་རྒྱ་ནག་གཞུང་གི་བདེ་སྲུང་མི་སྣས་བཙན་ཁྲིད་དང་བཀག་ཉར་བྱས་པའི་རྗེས་བཀག་ཉར་ཁང་དུ་གཟུགས་གཞི་མ་བདེ་པར་སྨན་ཁང་དུ་སྐྱེལ་ཏེ་ད་ལྟའི་ཆར་སྨན་ཁང་དུ་བདེ་སྲུང་མི་སྣའི་ལྟ་རྟོག་འོག་ཡོད་འདུག
དེ་ཡང་འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་དང་རྩོམ་པ་པོ་པདྨ་ཚེ་བརྟན་ལགས་ཟླ་བ་འདིའི་ཕྱི་ཚེས་ ༢༥ ཉིན་གྱི་དགོང་དྲོར་པེ་ཅིན་ནས་ཟི་ལིང་གནམ་ཐང་དུ་འབྱོར་ཡོད་པ་དང་། ཁོང་གི་ཅ་དངོས་ཤིག་ལེན་རྒྱུ་བརྗེད་དེ་གནམ་ཐང་དུ་ཅ་ལག་ལེན་དུ་འགྲོ་སྐབས་གནམ་ཐང་གི་བདེ་སྲུང་མི་སྣས་ལག་པར་ལྕགས་སྒྲོག་བརྒྱབ་སྟེ་བཙན་ཁྲིད་བྱས་ཡོད་པ་མ་ཟད། ཞོགས་པ་ཆུ་ཚོད་བཞི་པ་ཙམ་བར་དུ་འདྲི་རྩད་དང་གཅར་རྡུང་བྱས་རྗེས་ཟི་ལིང་གི་བཀག་ཉར་ཁང་ཞིག་ནང་བཀག་ཉར་བྱེད་བཞིན་ཡོད་འདུག ཕྱིས་སུ་བཀག་ཉར་ཁང་དུ་པདྨ་ཚེ་བརྟན་ལགས་མགོ་ན་བ་དང་། མགོ་ཡོམ་འཁོར་བ། རོ་སྟོད་འཚང་བ་སོགས་ཀྱི་ནད་རྟགས་ཐོན་ཏེ་སྨན་ཁང་དུ་བསྐྱལ་ཡོད་པ་དང་། ཁོང་ལ་གཅར་རྡུང་དྲག་པོ་བཏང་བར་བརྟེན་ལུས་པོའི་སྟེང་སྔོ་ཐིག་མང་པོ་ཡོད་པ་མ་ཟད། རྨ་ཤུལ་ཚབས་ཆེན་བཟོས་ཡོད་འདུག
གནས་ཚུལ་དེ་ཕྱིར་བསྒྲགས་བྱུང་རྗེས། རྒྱ་ནག་ནང་གི་གློག་བརྙན་འཁྲབ་ཁྲིད་པའི་མཐུན་ཚོགས་ཀྱིས་གསལ་བསྒྲགས་སྤེལ་ཏེ། པདྨ་ཚེ་བརྟན་ལགས་ཟི་ལང་གནམ་ཐང་ནས་བཙན་ཁྲིད་བཀག་ཉར་གྱིས་རྡུང་རྡེག་བཏང་བའི་གནས་ཚུལ་གོ་བར་བློ་ཕམ་ཆེན་པོ་ཡོད་པས། འབྲེལ་ཡོད་སྡེ་ཁག་གིས་པདྨ་ཚེ་བརྟན་ལགས་མགྱོགས་མྱུར་གློད་བཀྲོལ་དང་གནས་ཚུལ་ཞིབ་ཚགས་འགྲེལ་བརྗོད་བྱེད་དགོས་པའི་དགོས་འདུན་བཏོན་ཡོད། དེ་དང་ཕྱོགས་མཚུངས་ཟི་ལིང་གནམ་ཐང་གི་བདེ་སྲུང་ཚན་པས་གསལ་བསྒྲགས་སྤེལ་ཏེ། པདྨ་ཚེ་བརྟན་ལགས་ཀྱིས་གནམ་ཐང་གི་སྒྲིག་གཞི་གཏོར་བའི་རྐྱེན་གྱིས་ཉིན་ལྔའི་རིང་བཀག་ཉར་བྱ་རྒྱུ་དང་གཞན་ཡང་ཉེན་རྟོག་པས་རྡུང་རྡེག་བཏང་མེད་ཚུལ་བརྗོད་འདུག
པདྨ་ཚེ་བརྟན་ལགས་ནི། ཕྱི་ལོ་ ༡༩༦༩ ལོར་མཚོ་སྔོན་ཞིང་ཆེན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དུ་སྐྱེས་ཤིང་། དེ་ནས་མི་རིགས་སློབ་ཆེན་དུ་རྩོམ་རིགས་ཐོག་རབ་འབྱམས་པའི་སློབ་མཐར་སོན། དེ་ནས་ཁོང་གིས་གློག་བརྙན་བཟོ་སྐྲུན་སྐོར་ལའང་སློབ་སྦྱོང་གནང་ཡོད།ཁོང་གིས་དཔེ་དེབ་འགའ་ཤས་སྟོན་ཡོད་པ་མ་ཚད་སྐད་གྲགས་ཆེ་བའི་གློག་བརྙན་ཡང་མང་པོ་ཞིག་བཟོས་ནས་དེ་དག་ལ་བྱ་དགའ་ཡང་ཐེངས་མང་ཐོབ་མྱོང་ཡོད། །