༢༠༡༦ ཟླ་ ༦ ཚེས་ ༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༢ ཉིན་དཔལ་འབྱོར་ལས་ཁུངས་སུ་བཀའ་བློན་ཀརྨ་ཡེ་ཤེས་མཆོག་བཀའ་བློན་གྱི་ལས་ཁུར་དངོས་སུ་དབུ་འཛུགས་གནང་བའི་རྟེན་འབྲེལ་མཛད་སྒོ་ཚོགས་འདུག སྐབས་དེར་དཔལ་འབྱོར་ལས་ཁུངས་ཀྱི་སྲི་ཞུའི་ལས་བྱེད་ཚང་འཛོམས་ཐོག་གསོལ་ཇ་འབྲས་བསིལ་གོ་སྒྲིག་ཞུས་འདུག
དེ་བཞིན་ཕྱི་ཚེས་ ༣ ཉིན་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་གཙོས་སྲི་ཞུའི་ལས་བྱེད་ཚང་འཛོམས་ཐོག་བཀའ་བློན་གསར་པའི་ལས་ཁུར་དབུ་འཛུགས་ཀྱི་རྟེན་འབྲེལ་མཛད་སྒོ་ཚོགས་འདུག
དེ་མཚུངས་ཕྱི་ཚེས་ ༣ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་སུ་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་ལ་འཕྲོད་བསྟེན་ལས་ཁུངས་ཀྱི་སྲི་ཞུ་ལས་བྱེད་རྣམས་ཀྱིས་དགའ་བསུ་འཚམས་འདྲིའི་རྒྱ་ཆེ་ཞུས་པའི་མཛད་སྒོ་ཞིག་ཚོགས་ཡོད་པ་དང་། སྐབས་དེར་བཀའ་བློན་མཆོག་གིས་གཙོས་དབུས་བོད་ཀྱི་སྨན་རྩིས་ཁང་གི་ངེས་སྟོན་པའི་སྐུ་ཚབ་དུ་སྐུའི་བླ་སྨན་པ་ཚེ་དབང་རྟ་མགྲིན་ལགས། བོད་ཀྱི་སྨན་པའི་ལྷན་ཚོགས་ཀྱི་དྲུང་ཆེ་སྨན་པ་ཚེ་རིང་མཚམས་གཅོད་ལགས། དབུས་བོད་ཀྱི་སྨན་རྩིས་ཁང་གི་དྲུང་ཆེ་ཚེ་རིང་ཕུན་ཚོགས་ལགས། བདེ་ལེགས་སྨན་ཁང་གི་འགན་འཛིན་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས། འཕྲོད་བསྟེན་ལས་ཁུངས་ཀྱི་ཚན་པ་ཁག་གི་འགན་འཛིན་དང་ལས་བྱེད་བཅས་ཚང་འཛོམས་ཐོག་བཀའ་བློན་མཆོག་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་ཁུར་བཞེས་པར་འཚམས་འདྲི་ཞུས་འདུག
ཕྱོགས་མཚུངས་ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༤ ཉིན་ནང་སྲིད་ལས་ཁུངས་སུ་ནང་སྲིད་དྲུང་ཆེ་ཟུར་པ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལགས་བཀའ་ཤག་སྐབས་བཅོ་ལྔ་པའི་ནང་སྲིད་ལས་ཁུངས་ཀྱི་བཀའ་བློན་དུ་བདམས་ཐོན་བྱུང་བ་བཞིན། གོང་ཚེས་ཉིན་ནང་སྲིད་ལས་ཁུངས་ཀྱི་བོད་མིའི་ངལ་སེལ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམ་པ་དང་། འབྲེལ་ཡོད་སྲི་ཞུ་ལས་བྱེད་རྣམས་ཀྱིས་བཀའ་བློན་མཆོག་ལ་དགའ་བསུ་འཚམས་འདྲིའི་རྒྱ་ཆེ་ཞུས་པའི་མཛད་སྒོ་ཞིག་ཚོགས་པ་དང་སྦྲགས། མཛད་སྒོའི་ཐོག་བཀའ་བློན་མཆོག་དབུ་བཞུགས་ཀྱིས་ནང་སྲིད་ལས་ཁུངས་ཀྱི་བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག་གིས་བོད་མིའི་བདེ་ཐབས་ཆེད་ཕྱག་ལས་རྒྱ་ཆེ་གནང་བར་ཐུགས་རྗེ་ཆེ་ཞུའི་གྲོས་ཆོད་གཅིག་དང་། བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་བོད་མིའི་ངལ་སེལ་ཚོགས་པའི་ཚོགས་གཞོན་དུ་བསྐོ་གཞག་གནང་བའི་གྲོས་ཆོད་བཅས་གྲོས་ཆོད་གཉིས་བཞག་ཡོད་འདུག
གཞན་ཡང་ཕྱི་ཚེས་ ༦ ཉིན་བེད་སྲུང་བཀའ་བློན་དུ་བདམས་ཐོན་བྱུང་བ་བདེ་སྲུང་དྲུང་ཆེ་ཟུར་པ་འཕགས་པ་ཚེ་རིང་མཆོག་གིས་དངོས་སུ་བདེ་སྲུང་བཀའ་བློན་གྱི་ལས་ཁུར་བཞེས་པའི་རྟེན་འབྲེལ་མཛད་སྒོ་གཟབ་རྒྱས་ངང་ཚོགས་འདུག སྐབས་དེར་བདེ་སྲུང་བཀའ་བློན་ཟུར་པ་འབྲོང་ཆུང་དངོས་གྲུབ་མཆོག་ཀྱང་ཕེབས་འདུག །