༢༠༡༦ ཟླ་ ༦ ཚེས་ ༢ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡ ཉིན་བཀའ་དྲུང་ཡིག་ཚང་ནས་གསལ་བསྒྲགས་གནང་བའི་ནང་འཁོད་དོན། ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡ ཉིན་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་དང་པོའི་ཐོག་འདེམས་ཐོན་བྱུང་བའི་བཀའ་བློན་རྣམས་བཅའ་ཁྲིམས་དོན་ཚན་ ༢༩ ནང་གསེས་ ༢ པའི་དགོངས་དོན། བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ཆོས་རིག་ལས་ཁུངས་ཀྱི་བཀའ་བློན་དང་། བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་ནང་སྲིད་ལས་ཁུངས་ཀྱི་བཀའ་བློན། བཀའ་བློན་ཀརྨ་ཡེ་ཤེས་མཆོག་དཔལ་འབྱོར་ལས་ཁུངས་ཀྱི་བཀའ་བློན། བཀའ་བློན་བླ་བྲང་འཕགས་པ་ཚེ་རིང་མཆོག་བདེ་སྲུང་ལས་ཁུངས་ཀྱི་བཀའ་བློན། བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་འཕྲོད་བསྟེན་ལས་ཁུངས་ཀྱི་བཀའ་བློན་བཅས་ཀྱི་མཛད་ཁུར་བཞེས་རྒྱུ་དང་། ཤེས་རིག་ལས་ཁུངས་དང་ཕྱི་དྲིལ་ལས་ཁུངས་ཀྱི་བཀའ་བློན་སྲིད་སྐྱོང་མཆོག་ནས་གཅིག་ལྕོགས་གནང་རྒྱུ་དང་། འདེམས་ཐོན་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་ཨ་རིར་ཐོངས་མཆན་དུས་འགྱངས་ཞུ་རྒྱུར་ཕེབས་ཡོད་པས་རིང་མིན་ཕྱིར་ཕེབས་ཀྱིས་དམ་འབུལ་ཞུས་མཚམས་ལས་འགན་བཀོད་སྒྲིག་གནང་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ། ཞེས་འཁོད་ཡོད་པ་བཅས།།