༢༠༡༦ ཟླ་ ༦ ཚེས་་༢༡ རེས་གཟའ་མིག་དམར།
༄༅། །འདི་གར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༢༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་རྣམ་གཉིས་ནས་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུན་འགན་འཛིན་སྐུ་ཞབས་ཤན་ཏ་ཀུ་མར་མཆོག་ལ་འཚམས་འདྲི་ཞུ་བ་དང་སྦྲགས། རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་དོན་ཐོག་རྒྱབ་སྐྱོར་རིམ་པ་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་པ་མ་ཟད། འབྱུང་འགྱུར་ལོ་དུས་ནང་འདས་པའི་གྲོས་ཆོད་ཁག་དང་། འདི་ག་སྤྱི་ལྷན་ནས་འབོད་སྐུལ་ཞུས་པའི་གནད་དོན་ཁག་ཐོག་རིམ་བཞིན་གྲོས་ཚོགས་དང། གྲོས་ཚོགས་ཀྱི་ཕྱི་ལོགས་བཅས་སུ་བོད་དོན་རྒྱབ་སྐྱོར་དང་འབྲེལ་བའི་ལས་འགུལ་རིགས་སྤེལ་ཐབས་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡིག་ངག་གཉིས་ནས་ཞུས་པ་ལྟར། ཁོང་ནས་དེ་དོན་ལྟར་གྲོས་ཚོགས་འཐུས་མི་རྣམ་པ་དང་བཀའ་བསྡུར་གྱིས་གནང་འོས་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་བཅས།།