༢༠༡༦ ཟླ་ ༦ ཚེས་ ༧ རེས་གཟའ་མིག་དམར།
༄༅། །འདི་གར་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་ལགས་གཉིས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་༢༠༡༦ ཟླ་༦ ཚེས་ ༧ ཉིན་གྱི་བོད་ནང་གི་ཕྱི་དྲོའི་དུས་ཚུད་ ༤ ཙམ་ལ་བོད་མདོ་སྨད་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་ཚེ་རིང་ལགས། རང་ལོ་ ༢༠ ལྷག་ཡིན་པ་ཁོང་གིས་༸གོང་ས་མཆོག་གི་སྐུ་པར་ཆེན་པོ་ཞིག་གནམ་ལ་འཕྱར་ནས།
༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོར་བརྟན་པར་ཤོག བོད་ལ་རང་དབང་དགོས། ཞེས་པའི་འབོད་ཚིག་སྒྲོག་བཞིན་རྔ་བ་རྫོང་མཁར་གྱི་གཞུང་ལམ་དུ་ཞི་བའི་གོམ་བགྲོད་གནང་འདུག་ལ། གནས་ཚུལ་དེ་བྱུང་མ་ཐག་ས་གནས་ཉེན་རྟོག་པ་རྣམས་ཀྱིས་ཁོང་བཙན་ཁྲིད་བྱས་འདུག་པས་རྗེས་ཀྱི་གནས་ཚུལ་ཤེས་རྟོགས་མ་བྱུང་། ཁོང་ནི་ལྷ་སྡེ་འགབ་མའི་ཕ་ཤེས་རབ་(མཚང་མིང་ལ་སྔོ་རས་ཟེར་)དང་། མ་གཡུ་ཁོ་གཉིས་ཀྱི་བུ་ཡིན་ཞིང་། རྔ་བ་ཀིརྟི་དགོན་གྱི་གྲྭ་ཚང་བཞིའི་ཡ་གྱལ་དུས་འཁོར་གྲྭ་ཚང་གི་གྲྭ་པ་ཡིན་འདུག་པ་བཅས།