༢༠༡༦ ཟླ་ ༦ ཚེས་ ༡༦ རེས་གཟའ་ཕུར་བུ།
༄༅། །ཨ་རིའི་རྒྱལ་ཡོངས་མང་གཙོ་ཡར་རྒྱས་བསྟི་གནས་ཁང་ National Endowment for Democracy གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་མར་ཊིན་ཕོ་རོ་སི་ཊི་ Mr Martin Frost མཆོག་གིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་བོད་མི་རྣམས་ལ་མང་གཙོའི་ལམ་བཟང་གསོལ་སྩལ་མཛད་ནས་ད་བར་མང་གཙོའི་ཀ་བ་གསུམ་ལྡན་གྱི་ཆ་ལག་ཆ་ཚང་ཚང་ཞིང་། མི་མང་གིས་མང་གཙོའི་ལམ་ནས་བཀའ་སྤྱི་འོས་འདེམས་བྱ་རྒྱུས་མཚོན། བཙན་བྱོལ་བོད་མིའི་མང་གཙོའི་གྲུབ་འབྲས་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་གནང་བ་དེ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བཞེས་གནང་འདུག ཆེ་བསྟོད་གཟེངས་རྟགས་ཀྱི་མཛད་སྒོའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནན་སི་པི་ལོ་སི་ Nancy Pelosi མཆོག་དང་གྲོས་ཚོགས་གོང་མའི་འཐུས་མི་རྒན་གྲས་ལྕམ་ཌེན་ཕ་ཡིན་སི་ཊེན་ Diane Feinstein མཆོག ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་རི་ཆ་ཌི་སྒེར་ Mr Richard Gere ལགས་བཅས་ལྷན་ཞུགས་མཛད་འདུག སྐབས་དེར་སྲིད་སྐྱོང་མཆོག་གིས་གཟེངས་རྟགས་བཞེས་སྐབས་གསུང་བཤད་གནང་དོན།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་རྣམས་མང་གཙོའི་རིང་ལུགས་ཐོག་ཁྲིད་གནང་མཛད་རྒྱུའི་ཐུགས་ཀྱི་འཆར་སྣང་ལ་བརྟེན་ནས་བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་འཛུགས་ཐུབ་པ་བྱུང་ཡོད། བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་ཀྱི་གྲུབ་འབྲས་ལ་ངོས་འཛིན་གནང་བ་འདིས་གཞིས་བཞུགས་བོད་མི་རྣམས་ལ་རེ་བའི་བརྡ་ལན་ཤུགས་ཆེ་ཞིག་གཏོང་རྒྱུ་མ་ཟད། བོད་ནང་གི་བོད་མི་ཆབ་སྲིད་བཙོན་པ་རྣམས་ལ་གདུང་སེམས་མཉམ་སྐྱེའི་རྣམ་པ་ཤུགས་ཆེ་མཚོན་ཐུབ་པ་ཞིག་ཡོང་ངེས། ཞེས་གསུངས་རྗེས་ཕྱི་ལོ་ ༡༩༦༠ རེ་གྲངས་ནང་བོད་མི་རྣམས་བཙན་བྱོལ་དུ་འབྱོར་རྗེས་རིང་པོར་མ་ཐོག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་གཙོའི་ལམ་བཟང་ཐོག་ཁྲིད་ཐབས་མཛད་པའི་བརྒྱུད་རིམ་རྣམས་ངོ་སྤྲོད་ཞུས་པ་མ་ཟད།
ལྷག་པར་ཕྱི་ལོ་ ༢༠༡༡ ལོ་ནས་བཟུང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་ཆབ་སྲིད་དབུ་ཁྲིད་ཀྱི་སྐུ་དབང་ཡོངས་རྫོགས་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་སྲིད་སྐྱོང་ལ་རྩིས་སྤྲོད་མཛད་པའི་སྐོར་གསུང་དོན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༢༤ སོན་སྐབས་ཏེ་ཕྱི་ལོ་ ༡༩༥༩ ལོར་རྒྱལ་ཁབ་ཤོར་བ་རེད།
དེ་རྗེས་བཙན་བྱོལ་དུ་༸ཞབས་སོར་འཁོད་བསྟུན་ཕྱི་ལོ ༡༩༦༠ ནང་ཌལ་ཧོར་ལམ་བཟོ་རྒྱུག་བཞིན་པའི་བོད་མི་ཁག་གཅིག་ལ་བཀའ་སློབ་སྩལ་སྐབས། ང་ཚོ་བོད་མི་རྣམས་དེང་རབས་མང་གཙོའི་ལམ་ལུགས་ཐོག་བསྐྱོད་དགོས། ཅེས་བཀའ་སློབ་སྩལ་ཡོད། སྐབས་དེར་༸གོང་ས་མཆོག་དགུང་གྲངས་ ༢༤ ལས་སོན་མེད། འོན་ཀྱང་སྐུ་ན་ཤིན་ཏུ་ཕྲ་བའི་སྐབས་དེར་ཡང་བཙན་བྱོལ་བོད་མི་རྣམས་མང་གཙོའི་ལམ་ལུགས་ཐོག་བསྐྱོད་དགོས་པའི་རླབས་ཆེན་གྱི་དགོངས་བཞེད་མཛད་ཡོད། དེར་བརྟེན་ཕྱི་ལོ་ ༡༩༦༠ སྐབས་ནས་བོད་མི་བཙན་བྱོལ་བ་རྣམས་ཀྱིས་གྲོས་ཚོགས་འཐུས་མི་འོས་འདེམས་བྱ་འགོ་བཙུགས་ཟིན་པ་མ་ཟད། གྲོས་ཚོགས་འཐུས་མི་རྣམས་འོས་བསྡུའི་ལམ་ནས་བསྐོ་གཞག་བྱས་ཐུབ་ཡོད།
ལྷག་པར་བུད་མེད་རྣམས་ཀྱིས་གྲོས་ཚོགས་ནང་ཆ་ཤས་བླངས་ཐུབ་པ་བྱུང་ཡོད་སྐོར་སྙན་སྒྲོན་ཞུས། སྤྱིར་བཙན་བྱོལ་ནང་གི་མང་གཙོ་བརྗོད་སྐབས་ཡོང་མ་སྲིད་པ་ལྟ་བུ་ཡོད། གང་ཡིན་བརྗོད་ན་བཙན་བྱོལ་ནང་ཡོད་ཕྱིན་དམིགས་ཡུལ་གཅིག་བཟུང་ནས་ཚང་མས་རྡོག་སྒྲིལ་ནས་འཐབ་རྩོད་བྱས་མཐར་རང་ཡུལ་དུ་ཕྱིར་ལོག་བྱ་རྒྱུའི་དམིགས་ཡུལ་འཛིན་དགོས་པ་ཞིག་ཆགས་ཡོད། གནས་སྟངས་འདིའི་འོག་འཐབ་རྩོད་བྱེད་མཁན་མི་མང་ཚང་མས་དབུ་ཁྲིད་གཅིག་ཁོ་ནའི་འོག་ཤར་བསྐྱོད་བྱེད་དགོས་པ་ལྟ་བུ་ཡིན། འོན་ཀྱང་མང་གཙོའི་ལམ་ལུགས་ནང་དབུ་ཁྲིད་གཅིག་ལས་མང་པ་ཡོད་དགོས་པ་མ་ཟད། སྨྲ་བརྗོད་རང་དབང་ལྡན་པའི་ཐོག་ནས་བསམ་ཚུལ་གཅིག་ཁོ་ན་མིན་པར་བསམ་ཚུལ་དང་དམིགས་ཡུལ་ཡང་འདྲ་མིན་ཡོད་དགོས་པ་ཞིག་ཡིན། དེར་བརྟེན་བཙན་བྱོལ་ནང་གི་མང་གཙོ། བརྗོད་སྐབས་ཚིག་འགལ་འདུ་ལྟ་བུ་ཡིན། འོན་ཀྱང་ང་ཚོ་བོད་མི་བཙན་བྱོལ་བ་རྣམས་ཀྱིས་མང་གཙོའི་ལམ་ལུགས་ཐོག་བསྐྱོད་ནས་ད་བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་དང་མཐུན་ཞིང་ཐུགས་ཀྱི་འཆར་སྣང་ལྟར་གྲུབ་འབྲས་ལམ་ལྷོང་ལྡན་པ་བྱུང་ཡོད། གོང་དུ་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་མར་ཊིན་ཕོ་རོ་སི་ཊི་མཆོག་གིས་གསུངས་པ་ལྟར། བོད་མིའི་སྒྲིག་འཛུགས་འདི་འཛམ་གླིང་ནང་སྐྱབས་བཅོལ་བའི་སྒྲིག་འཛུགས་ཚགས་ཚུད་ཤོས་གྲས་ཤིག་ཆགས་ཐུབ་ཡོད།
ཅེས་གསུངས། དེ་རྗེས་ཨ་རིའི་རྒྱལ་ཡོངས་མང་གཙོ་ཡར་རྒྱས་བསྟི་གནས་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་མར་ཊིན་ཕོ་རོ་སི་ཊི་ Mr Martin Frost མཆོག་གིས་གསུང་བཤད་གནང་སྐབས་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་རྣམས་ཡང་དག་པའི་མང་གཙོའི་ལམ་བཟང་ཐོག་ཁྲིད་གནང་མཛད་པའི་རླབས་ཆེན་གྱི་མཛད་རྗེས་ལ་ཆེ་བསྟོད་རྒྱ་ཆེ་ཞུས་པ་དང་སྦྲགས། བོད་མིའི་སྒྲིག་འཛུགས་ཀྱི་གྲུབ་འབྲས་དང་ཆོད་སེམས་བརྟན་པོས་མང་གཙོའི་ལམ་ལུགས་རྒྱུན་སྐྱོང་ལག་བསྟར་གནང་བཞིན་པ་དེར་བསྔགས་བརྗོད་གནང་དོན། བཙན་བྱོལ་དུ་བོད་མི་གྲངས་ ༡༥༠༠༠༠ ཡོད། ཆིག་སྒྲིལ་དང་བཟོད་སྲན། ཤེས་ཡོན་བཅས་ཚང་བའི་སྒྲིག་འཛུགས་སྲ་བརྟན་འདི་ལྟ་བུ་ཞིག་འབད་བརྩོན་གང་ཡང་མེད་པར་རང་བཞིན་ངང་བྱུང་བ་དེ་འདྲ་ཡོང་ཐབས་མེད་པ་མ་ཟད། བཙན་བྱོལ་བའི་གནས་སྟངས་འོག་ཡོད་སྟབས་འབྱུང་འགྱུར་གནས་སྟངས་བཟང་ངན་ཇི་འདྲ་ཆགས་མིན་གཞན་དབང་སྟབས་བསྟུན་ཁོ་ན་ཡིན་པ་ལས་མ་འོངས་པའི་གནས་སྟངས་འདི་འདྲ་ཞིག་ཆགས་རྒྱུ་རེད། ཅེས་ཁ་ཚོན་གཅོད་ནས་སུས་ཀྱང་བརྗོད་ཐབས་མེད། བཙན་བྱོལ་བ་བྱས་ནས་གནས་དགོས་ན་དཀའ་ངལ་ཧ་ཅང་ཡོད།
འོན་ཀྱང་བོད་མི་བཙན་བྱོལ་བ་རྣམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་དབུ་ཁྲིད་དང་བོད་མིའི་སྒྲིག་འཛུགས་ཀྱིས་སྣེ་ཁྲིད་འོག་ཧྲ་ཏག་ཏག་བྱས་ནས་འཚོ་གནས་བྱེད་བཞིན་ཡོད། བཙན་བྱོལ་བོད་མི་རྣམས་སྐབས་ཤིག་ལ་རྒྱ་གར་གཞིས་ཆགས་ཁག་ནང་གནས་ཡོད་ཀྱང་ད་ཆ་འཛམ་གླིང་ཡུལ་གྲུ་གང་སར་ཁྱབ་ཡོད། བོད་མི་བཙན་བྱོལ་བ་རྣམས་རང་ཡུལ་བྲལ་ནས་མི་ལོ་ ༦༠ ཙམ་སོང་ཡང་བོད་མི་རིགས་ཀྱི་ཐུན་མིན་ངོ་བོ་དང་བོད་མིའི་ཁྱད་ཆོས་དེ་དག་རྒྱུན་འཛིན་བྱེད་ཐུབ་ཡོད། སྤྱིར་དེ་རིང་ང་ཚོས་གཟེངས་རྟགས་འདི་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་རིང་ལུགས་ལག་བསྟར་བྱས་པའི་གྲུབ་འབྲས་ལ་ངོས་འཛིན་ཞུས་ནས་གཟེངས་རྟགས་གོ་སྒྲིག་ཞུས་པ་ཞིག་ཡིན་ཡང་། གཙོ་ཆེ་བོད་མིའི་སྒྲིག་འཛུགས་ཀྱིས་མང་གཙོའི་ངོ་བོ་མཚོན་པའི་ཐོག་ནས་ལས་དོན་རྣམས་ཚགས་ཚུད་གནང་བ་དེར་ངོས་འཛིན་ཞུས་པ་ཞིག་ཡིན། འདས་པའི་ལོ་ངོ་ ༦༠ རིང་བོད་མིའི་སྒྲིག་འཛུགས་ཀྱི་ངོ་བོར་ཡར་རྒྱས་ཤུགས་ཆེ་ཕྱིན་ཡོད།
བོད་མིའི་སྒྲིག་འཛུགས་ཀྱི་བསམ་བློའི་ཞེ་ཕུགས་སུ་མང་གཙོའི་ལམ་ལུགས་ཐོག་ཤར་བསྐྱོད་གནང་རྒྱུའི་ཆོད་སེམས་ལྡན་ཡོད། དེ་ཡང་ཐོག་མར་ཕྱི་ལོ་ ༡༩༦༠ ནས་དབུ་འཛུགས་ཀྱིས་མཐར་ཕྱི་ལོ་ ༢༠༡༡ ལོར་བཙན་བྱོལ་བོད་མིའི་འགོ་ཁྲིད་དེ་མི་མང་གིས་ཐད་ཀར་མང་གཙོའི་ལམ་ནས་འདེམས་རྒྱུའི་ལམ་ལུགས་ལག་བསྟར་མཛད་ཡོད། དེ་རིང་ཨ་རིའི་རྒྱལ་ཡོངས་མང་གཙོ་ཡར་རྒྱས་བསྟི་གནས་ཁང་གིས་ཆེ་བསྟོད་གཟེངས་རྟགས་འདི་ལྟ་བུ་གོ་སྒྲིག་ཞུས་པ་འདི་གཙོ་བོ་བོད་མི་རྣམས་ལ་ང་ཚོས་མང་གཙོའི་རིང་ལུགས་གཅིག་འགྱུར་ལག་བསྟར་བྱེད་མཁན་ཞིག་ཡིན་པའི་གདུང་སེམས་མཉམ་སྐྱེ་མཚོན་ཆེད་ཡིན། ཞེས་གསུངས།
ཨ་རིའི་རྒྱལ་ཡོངས་མང་གཙོ་ཡར་རྒྱས་བསྟི་གནས་ཁང་གིས་ཕྱེད་ཡོལ་དུ་༸གོང་ས་མཆོག་གདན་ཞུ་གནང་ནས་ཀུ་བྷ་ Cuba དང་སུ་ཌན། Sudan ཨ་ཛར་བྷེ་ཇན། Azerbaijan ཇོར་ཌན་ Jordan བཅས་ནས་གཞོན་སྐྱེས་མང་གཙོའི་ལས་འགུལ་བ་ཁག་གཅིག་དང་ལྷན་བགྲོ་གླེང་ལས་རིམ་ཞིག་གོ་སྒྲིག་ཞུས་འདུག བགྲོ་གླེང་གི་བརྗོད་གཞི་ནི། མང་གཙོའི་ལྟ་གྲུབ་དང་རེ་བ། ཞེས་པ་ཡིན་འདུག སྐབས་དེར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་ཁོང་གི་མཚན་གནས་ཐོག་ད་བར་རིན་པོ་ཆེ་ཞིང་གཤེགས་དམ་པ་ཁོང་གིས་བོད་པའི་སྤྱི་ཚོགས་ནང་ཤེས་ཡོན་དང་འཕྲོད་བསྟེན། ཁོར་ཡུག་བཅས་ཀྱི་ཐོག་ལ་བྱས་རྗེས་བཞག་པ་དེར་ཆེ་བསྟོད་ཀྱི་རྟགས་མ་ཞིག་འབུལ་རྒྱུ་ཡིན་འདུག །