ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡ རེས་གཟའ་ལྷག་པ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྡ་ས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་དང་། རྡ་སྟེང་བོད་ཁྱིམ་སློབ་གྲྭ་གཉིས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ། ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡ ཉིན་བཞུགས་སྒར་རྡ་ས་ཐེེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མགོན་པོ་གང་ཉིད་མཆོག་གིས་ནང་ཆོས་ངོ་སྤྲོད་ཐེངས་བཅུ་པ་དབུ་འཛུགས་མཛད་ཡོད།
དེ་ཡང་མགོན་པོ་གང་ཉིད་མཆོག་གིས་ཐེངས་འདིར་བོད་རིགས་གཞོན་སྐྱེས་གཙོ་བོར་གྱུར་པའི་ཕྱི་ནང་གི་མི་རིགས་དོན་གཉེར་ཅན་རྣམས་ལ་དབྱར་ཆོས་ཉིན་གྲངས་གསུམ་རིང་འབྲོམ་རྗེ་རྒྱལ་བའི་འབྱུང་གནས་ཀྱིས་མཛད་པའི་རང་རྒྱུད་ལ་སྐུལ་མ་འདེབས་པ་དད་པའི་ལྗོན་ཤིང་དང་། བཀའ་དབང་རྗེས་གནང་བཅས་ཀྱི་བཀའ་ཆོས་ཟབ་མོ་སྨིན་རྩོལ་མཛད་རྒྱུ་ཡིན་པ་དང་། སྐབས་དེར་བོད་ཁྱིམ་སློབ་གྲྭ་ཁག་ལྔ་ནས་ཁྱོན་བསྡོམས་སློབ་ཕྲུག་གྲངས་ ༣༨༤༢ དང༌། རྒྱ་གར་མཐོ་སློབ་ཁག་ ༤༢ ནང་འགྲིམ་བཞིན་པའི་བོད་རིགས་སློབ་ཕྲུག་བཅས་ཁྱོན་ཐེངས་འདིའི་ནང་ཆོས་ངོ་སྤྲོད་ནང་ཐོ་འགོད་བྱས་པའི་གཞོན་སྐྱེས་གྲངས་ཆིག་སྟོང་ཙམ་ཞིག་དང་། དེ་བཞིན་རྡ་ས་ཁུལ་དང་ཕྱོགས་མཐའ། དེ་བཞིན་ཕྱི་ནང་མི་མང་སྟོང་ཕྲག་བརྒལ་བ་འདུ་འཛོམས་གནང་ཡོད།
གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་༸གོང་ས་༸སྐྱབ་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་གཙུག་ལག་ཁང་དུ་ཆིབས་སྒྱུར་བསྐྱངས་ཏེ་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་རྡ་སྟེང་བོད་ཁྱིམ་དང་ཤེས་རབ་དགའ་ཚལ་སློབ་གྲྭའི་སློབ་ཕྲུག་ཁག་གཅིག་གིས་ནང་པའི་ལྟ་གྲུབ་དང་ཚན་རིག དེ་བཞིན་བདེན་བཞི་སོགས་ཀྱི་སྐོར་རིགས་ལམ་རྟགས་གསལ་སྤྱན་འབུལ་ཞུས་གྲུབ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནང་ཆོས་ངོ་སྤྲོད་དང་འབྲེལ་ཆོས་འབྲེལ་བཀའ་སློབ་སྩལ་དོན། ནམ་རྒྱུན་ཡིན་ན་ནང་ཆོས་ངོ་སྤྲོད་དེ་རྡ་སྟེང་བོད་ཁྱིམ་དུ་ཚོགས་ཀྱི་ཡོད། ཕར་ཚུར་མོ་ཌའི་ནང་ཕྱིན་པ་ཡིན་ན་ཕལ་ཆེར་སྐར་མ་ཉི་ཤུ་དང་སུམ་ཅུ་ཙམ་འགོར་ནས་ཐང་ཆད་ནས་དུས་ཚོད་འཕྲོ་བརླག་འགྲོ་གི་ཡོད་པའི་བཟོ་འདྲ་འདུག གལ་ཆེ་ཤོས་དེ་ཐེག་ཆེན་ཆོས་གླིང་འདིར་ཚོགས་པ་ཡིན་ན་འདིར་ཉེ་འཁོར་ན་ཡོད་པའི་མི་མང་འདུ་འཛོམས་བྱེད་རྒྱུ་ལས་སླ་བ་དང་། དེ་བཞིན་རྒན་རྒོན་ཚོ་ཡིན་ནའང་འདིར་ཡོང་རྒྱུ་ལས་སླ་བ་ཡོང་གི་རེད།
སློབ་ཕྲུག་ཁྱེད་རང་ཚོ་བོད་ཁྱིམ་ནས་འདིར་ཡོང་རྒྱུར་དཀའ་ལས་མེད། རྩེད་མོ་རྩེད་ཞོར་རྒྱུགས་ཤར་གློད་ནས་འདིར་བསླེབས་པ་ཡིན་ན་དཀའ་ལས་ཁག་པོ་མི་འདུག འདིར་འཚོགས་པའི་རྒྱུ་མཚན་དེ་ལྟར་ཡིན། སློབ་ཕྲུག་ཚོགས་ཁག་ནས་རྟགས་གསལ་བཏང་ཏེ་ལོ་ངོ་ཁ་ཤས་ཕྱིན་པ་རེད། དེ་ཡང་མིག་ལྟོས་གསར་པ་སླེབས་པ་ཞིག་ཡིན། འཛིན་གྲྭའི་ནང་སློབ་སྦྱོང་བྱེད་པའི་སྐབས་དཔེ་དེབ་ཀློག་རྒྱུ་དང་། འགྲེལ་བཤད་བརྒྱབ་སྟེ། ཐོག་མར་ཐོས་བྱུང་གི་ཤེས་རབ་དང༌། དེ་རྗེས་བསམ་བྱུང་གི་ཤེས་རབ་ཟེར་བ་དེ་དཔྱད་པ་བྱས་ཏེ་འགྲོ་དགོས་པ་རེད། དཔྱད་པ་གཏོང་སྐབས་ལབ་ལབ་བཏང་ནས་དཔྱད་པ་བྱེད་རྒྱུ་དེ་འདྲ་ཡོང་གི་ཡོད་ཀྱང་། ཚིག་གི་བརྗོད་པ་གཙང་མ་ཞིག་དང༌། འགྲོས་གཙང་མ་ཞིག་ཡོང་བ་ལ་ཐལ། ཕྱིར། ཁྱབ། མི་ཁྱབ་ཟེར་བ་དེ་ཧ་ཅང་གི་ཕན་ཐོགས་ཆེན་པོ་ཡོད། ཐལ། ཕྱིར། ཁྱབ། མ་ཁྱབ་ཟེར་བ་དེ་ཧ་ཅང་གི་ཕན་ཐོགས་ཡོད།
དེར་བརྟེན་ང་ཚོ་ལ་ངོ་མཚར་སྐྱེ་དགོས་པ་ཞིག་ཡོད་ནི་ཡོད་པ་རེད། ཡོད་པ་དེ་དགེ་འདུན་པ་ཚོས་གཙོས་བཤད་གྲྭ་ཁག་གིས་སྒེར་བདག་གསུང་བསྡད་པ་མ་ཡིན་པར་སྤྱི་ཚོགས་དང༌། རབ་བྱུང་ཕོ་མོ་ཚང་མས་སློབ་སྦྱོང་བྱེད་ཐུབ་པ་ཞིག་དང༌། དེ་ཙམ་དུ་མ་ཟད་སློབ་གྲྭ་ཁག་གི་ནང་སློབ་སྦྱོང་བྱེད་སྐབས་སུ་ཐོས་བྱུང་གི་ཤེས་རབ་རྐྱང་པ་བྱས་ན་ནུས་པ་ཤུགས་ཆེན་པོ་ཐོན་ཐུབ་ཀྱི་མེད་པར་བརྟེན་དགེ་རྒན་གྱིས་བཤད་པ་དེ་སློབ་ཕྲུག་གིས་ཉན་ཏེ་ཡིག་རྒྱུགས་བཏང་བ་ཡིན་ན་འགྲིག་གི་ཡོད་མ་རེད། གང་ལྟར་སློབ་སྦྱོང་བྱས་པའི་དགོས་དོན་དེ་སེམས་འདུལ་རྒྱུ་དང་། སེམས་ནང་ངེས་པ་གཏིང་ཟབ་རྙེད་པ་ཞིག་ དགོས་པ་རེད། སེམས་ནང་ངེས་པ་བརྟན་པོ་ཞིག་བྱུང་ན་ཡིད་ཆེས་སླེབས་ཀྱི་རེད། ཡིད་ཆེས་རྙེད་ན་སེམས་ལ་འགྱུར་བ་བྱུང་ཐུབ་པ་ཞིག་དེའི་ཐོག་ནས་ཡོང་གི་ཡོད། སློབ་ཕྲུག་ཚོས་སློབ་སྦྱོང་བྱེད་སྐབས། རིགས་ལམ་གྱི་ཐོག་ནས་སློབ་སྦྱོང་བྱས་ཏེ་རིག་ལམ་གྱི་འགྲོ་སྟངས་ཤིག་ཤེས་པ་ཡིན་ན་བསམ་བྱུང་གི་ཤེས་རབ་ཟེར་བ་དེ་སྤུས་དག་པོ་བྱུང་རྗེས། རྗེས་དཔག་ཚད་མ་སླེབས་ཀྱི་ཡོད་པ་དེས་ཕན་ཐོགས་ཆེན་པོ་ཡོད་པ་རེད། འགོ་སྟོད་ང་ཚོས་མ་སུ་རི་ནས་རིགས་ལམ་བསླབ་རྒྱུ་འགོ་འཛུགས་ཤིག་བྱས་པ་རེད་དེ། སློབ་གྲྭའི་ལས་སྣེ་ཚོས་དོ་སྣང་མ་བྱས་པ་ཡིན་ནའང་འདྲ། ལྷོད་གཡེང་ཤོར་བ་ཡིནའང་འདྲ་གང་ལྟར་འཐུས་ཤོར་ཕྱིན་པ་རེད།
བར་སྐབས་སློབ་ཕྲུག་ཚོས་ཆོས་དགེ་ཆོས་དགེ་ཞེས་བརྗོད་ཀྱི་འདུག ཆོས་སློབ་མཁན་ཞེས་བརྗོད་ན། དེ་ཡི་ཤུ་དང་ཁ་ཆེའི་སློབ་གྲྭ་ལའང་ཆོས་སློབ་མཁན་ཡོད་པ་རེད། ང་ཚོ་ཕྱོགས་གཅིག་ནས་སངས་རྒྱས་པའི་ཆོས་བརྒྱུད་འཛིན་མཁན་ཞིག་ཡིན་པ་མ་ཟད། ཡང་སྒོས་དཔལ་ནཱ་ལཎྡྲའི་ཆོས་བརྒྱུད་འཛིན་མཁན་དེ་ཆགས་ཡོད་པར་བརྟེན་ལྟ་གྲུབ་ཀྱི་ཐོག་ནས་བཤད་ཀྱི་ཡོད་པ་རེད་ལ་དེ་རིང་ཁྱེད་རང་ཚོས་གྲུབ་མཐའ་སྨྲ་བ་བཞི་བཤད་ཡོང་དུས་དེ་དག་བཅོམ་ལྡན་འདས་ཀྱི་རྗེས་འདྲངས་དང༌། བསླབ་པ་གསུམ་གྱི་ཉམས་ལེན་གཅིག་གྱུར་རེད། ཡིན་ན་ཡང་ལྟ་གྲུབ་ཀྱི་ཐོག་ལ་མང་པོ་བཤད་ཡོང་དུས་རྩ་བ་ཐུག་ས་ལྟ་བ་སྤོང་བ་དེ་བཅོམ་ལྡན་འདས་རང་ཉིད་ཀྱིས་གསུངས་པ་ཞིག་རེད། དེ་རྗེས་བཅོམ་ལྡན་འདས་ཀྱི་དགོངས་པ་གཞི་ལ་བཞག་ནས་རིག་པའི་ཐོག་ནས་ལྟ་གྲུབ་གཏན་ལ་ཕབ་པ་འདི་འདྲ་ཞིག་སྔོན་གྱི་རྒྱ་གར་མཁས་པ་སྤྱི་དང༌། ལྷག་པར་དཔལ་ནཱ་ལཎྡྲའི་མཁས་དབང་ཚོས་མཛད་དེ་བྱུང་བ་ཞིག་རེད། དེར་བརྟེན་ངོས་ནས་ཆོས་དགེ་ཞེས་པའི་མིང་གི་ཚབ་ལ་ལྟ་གྲུབ་ཀྱི་སློབ་དཔོན་ཞེས་བརྗོད་ན་ཡག་པོ་མེད་དམ། ཞེས་བསམ་འཆར་ཞུས་པ་ཡིན།
སློབ་ཕྲུག་ཚོས་སངས་རྒྱས་པའི་ལྟ་གྲུབ་སྐོར་ལ་སློབ་སྦྱོང་བྱས་པ་དེས་བློ་བསྐྱེད་ཡོང་བར་ཕན་ཐོགས་ཧ་ཅང་ཆེན་ཡོད། མིའི་ཀླད་པ་དེ་མ་འདྲ་བ་ཞིག་ཡོད་པ་རེད། དེ་འཁྲུག་པོ་དང༌། འཇོན་པོ་ཧ་ཅང་གི་ནུས་པ་ཆེན་པོ་ཡོད་པར་བརྟེན་དེའི་ནུས་པ་ཆ་ཚང་ལྟ་གྲུབ་འདྲ་མིན་དང༌། རིགས་ལམ་གྱི་ཐོག་ནས་བཤད་རྒྱུ་བྱུང་བ་ཡིན་ན་ཀླད་པ་འཁྲུག་པོ་དེ་ཏག་ཏག་འགྲོ་ཐུབ་པའི་ཁྱད་པར་ཆེན་པོ་ཡོད། དེ་སྔོན་བོད་དུ་སངས་རྒྱས་ཀྱི་ཆོས་རྒྱ་གར་ནས་བསྒྱུར་ཡོང་བ་དེ། བཀའ་འགྱུར་པོ་ཏི་བརྒྱ་ལྷག་ཙམ་དང༌། བསྟན་འགྱུར་པོ་ཏི་གཉིས་བརྒྱ་ལྷག་ཙམ་ཡོད་པ་དེ་དག་གི་ནང་། ཐལ། ཕྱིར་ཟེར་བ་དེ་མེད་ནའང་དོན་དག་དེ་ག་རང་ཡིན། སྒྲུབ་བྱེད་བཀོད་ནས་གསུང་གི་འདུག བཅོམ་ལྡན་འདས་ཀྱིས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་གསུངས་པ་བཞིན་བཅོམ་ལྡན་འདས་ཁོང་རང་གི་ཆོས་ཚུལ་འདི་བཅོམ་ལྡན་འདས་ཁོང་རང་ལ་གུས་པ་དང་དད་པ་ཡོད་པའི་རྒྱུ་མཚན་དུ་བྱས་ནས་མཁས་བླང་དགོས་མ་རེད། ཅེས་དང་། བཅོམ་ལྡན་འདས་ཀྱིས་གསུངས་པ་འདི་ལ་རིག་པའི་ལམ་ནས་དཔྱད་པ་བྱེད་དགོས་རེད། ཅེས་གསུངས་ཡོད།
བཅོམ་ལྡན་འདས་ཁོང་རང་གི་ཆོས་བརྒྱུད་དེ་བཅོམ་ལྡན་འདས་ལ་གུས་པའི་རྒྱུ་མཚན་དང༌། དད་པ་ཡོད་པའི་རྒྱུ་མཚན་དུ་བྱས་ཏེ་ཁས་བླངས་དགོས་མ་རེད། བཅོམ་ལྡན་འདས་རང་ཉིད་ཀྱི་ཆོས་དེ་ལ་བསྲེགས་བཅད་བརྡར་བའི་གསེར་བཞིན་དུ་དཔྱད་པ་བྱས་ཏེ་རིག་པས་གནོད་པ་མེད་པར་རྒྱབ་རྟེན་ཡོད་ན་ཁས་བླངས། བཅོམ་ལྡན་འདས་ཀྱི་བཀའ་ཡིན་ཡང་རིག་པའི་གནོད་པ་ཡོད་ན་ཁས་བླངས་དགོས་མ་རེད་ཅེས་གསུངས་ཡོད་པ་རེད། འཛམ་གླིང་འདིར་ཆོས་ཚུལ་སྟོན་མཁན་གྱི་སྟོན་པ་མང་པོ་བྱུང་ཡོད་ཀྱང་། ངའི་བསྟན་པ་འདི་ལ་ཡིད་ཆེས་བྱེད་དགོས་མ་རེད། ང་ལ་དགའ་པོ་དང་དད་པ་བྱས་པའི་རྒྱུ་མཚན་དུ་བྱས་ནས་་ཡིད་ཆེས་བྱེད་དགོས་མ་རེད། དཔྱད་པ་བྱོས། ཚོད་ལྟ་བྱོས། ཞེས་གསུང་མཁན་བཅོམ་ལྡན་འདས་མ་གཏོགས་སུ་གཅིག་མེད་པའི་བཟོ་འདྲ་འདུག གཉིས་པ། ང་ཚོ་བོད་མི་རིགས་ལ་ཆགས་བཞག་པ་ཡིན་ན། བཀའ་འགྱུར་བསྟན་འགྱུར་པོ་ཏི་གསུམ་བརྒྱ་ལྷག་ཡོད་པ་དེ་བོད་ཡིག་ནང་ཡོད་པ་རེད། མང་ཆེ་བ་ལེགས་སྦྱར་དང༌། པཱ་ལིའི་གཞུང་ནང་གཏོགས་ཙམ་ཡོད། དེ་དང་དེ་འདྲའི་སྐད་ཡིག་ཁ་ཤས་ནང་མེད་དམ། རྒྱ་ཡིག་ནས་བསྒྱུར་བའི་པོད་བཅོ་ལྔ་ཉི་ཤུ་ཡོད། དེ་དག་ཚང་མ་བོད་ཡིག་ནང་དུ་བསྒྱུར་ཏེ་ང་ཚོས་སློབ་སྦྱོང་བྱེད་སྐབས་ཚང་མ་བོད་ཡིག་ནང་ཡོད་པ་ཞིག་རེད་འདུག བོད་ཡིག་ནང་སློབ་སྦྱོང་བྱེད་རྒྱུ་ཡོད་པ་ཙམ་དུ་མ་ཟད། ཚད་མའི་གཞུང་དེ་དག་བོད་ཡིག་ནང་ཡོད་པ་མ་གཏོགས་རྒྱ་ཡིག་ནང་ཕལ་ཆེར་མེད་པ་འདྲ་ བོ་ཞིག་འདུག ང་ཚོ་བོད་པ་ཞིག་ཡིན་པའི་ངོས་ནས་བཤད་ན་ཡང་རིག་ལམ་གྱི་ཐོག་ནས་ལྟ་གྲུབ་ཀྱི་ སྙིང་པོ་གཏན་ལ་ཕབ་པ་དེ་བོད་མི་རིགས་ཀྱི་གཟི་བརྗིད། རེད་ཅེས་བཤད་ཐུབ་པ་ཞིག་རེད། དེ་ང་ཚོས་འཛམ་གླིང་ནང་དངོས་ཡོད་གནས་ཚུལ་གྱི་ཐོག་ནས་ངོམས་སུ་ཆོག་པ་ཞིག་རེད།
ངོམས་སུ་ཆོག་པ་ཡོད་པ་དེ་ཡང་ང་ཚོས་བེད་སྤྱོད་བཏང༌། བདག་པོ་བརྒྱབ་པ་ཡིན་ན་ཏན་ཏན་ཕན་ཐོགས་ཆེན་པོ་ཡོད་པ་ཞིག་རེད། ང་རང་ཚོ་བོད་གངས་ཅན་གྱི་ལྗོངས་སུ་ཐེག་པ་ཆེ་ཆུང་དང༌། གཞུང་ཆེན་དེ་དག་ཆ་ཚང་ཡོངས་སུ་རྫོགས་པ་ཡོད་པ་ཞིག་རེད། འོན་ཀྱང་མང་ཚོགས་ནང་དེ་འདྲ་བའི་སངས་རྒྱས་ཀྱི་བསྟན་པ་ཆ་ཚང་བ་ཡོད་པ་དེ་གོ་བ་ལེན་ཐུབ་པ་ཞིག་གི་ཐོག་ནས་ཉམས་ལེན་བྱེད་པ་དཀོན་པོ་རེད་འདུག མང་ཆེ་བ་དགེ་འདུན་པ་དང༌། རབ་བྱུང་ཕོ་མོ་ཚོ་གཙོ་བོ་རེད། དེའི་ནང་ནས་རིས་མེད་ཀྱི་སློབ་གཉེར་བཤད་གྲྭ་ཡོད་པ་ཚོས་གཞུང་ཡོངས་རྫོགས་ལ་གོ་བ་ཆ་ཚང་ཡོང་གི་ཡོད་རེད་མ་གཏོགས་མང་ཚོགས་མང་ཆེ་བ་ལ་དེ་འདྲ་མི་འདུག ཆོས་ལ་དད་པ་བྱས་དང་མ་བྱས་སོ་སོའི་འདོད་པ་རེད། ཆོས་ལ་དོ་སྣང་བྱས་ཏེ་ཁས་བླངས་ཕྱིན་ཆད་རང་རྒྱུད་ལ་ཤེས་པ་དང༌། ཁོང་དུ་ཆུད་པ་ཞིག་བྱས་པ་ཡིན་ན། སེམས་འདུལ་བར་ཆ་བཞག་ནའང་ཡིད་ཆེས་བྱས་ཏེ་སྨོན་ལམ་བཏབ་པ་དང༌། རྒྱུ་མཚན་བསམ་བློ་བཏང་ནས་སེམས་ལ་ངེས་པ་ཐོབ་པའི་ཐོག་ནས་སེམས་ལ་འགྱུར་བ་བྱུང་བ་གཉིས་ལ་ཁྱད་པར་ཆེན་པོ་ཡོད། དེ་དག་རྒྱ་ཆེ་མང་ཚོགས་ནང་རང་བཞིན་གྱིས་སློབ་སྦྱོང་བྱས་ཏེ་བོད་མི་ས་ཡ་དྲུག་ཚང་མས་སངས་རྒྱས་པའི་ཆོས་ཐེག་པ་ཆེ་ཆུང་སྔགས་དང་བཅས་ཡོད་པ་དེ་དག རིགས་ལམ་གྱི་ཐོག་ནས་གཏན་ལ་ཕབ་རྒྱུ་ཡོད་པ་ཚང་མས་རྒྱ་ཆེ་ཆུང་ལ་མ་ལྟོས་པར་གང་ལ་གང་ཙམ་རྒྱུས་ཡོད་པ་དང་ཤེས་པ་ཡིན་ན། དངོས་གནས་དྲང་གནས་མིག་ལྟར་གཅིག་མཚུངས་ཕྱི་མཛེས་ནང་མཛེས་བྱུང་བ་རེད། གཞན་ཕྱི་ལ་འདྲ་ཆག་པོ་ཞིག་དང༌། ནང་ལ་རྒྱུ་མཚན་བསམ་བློ་གཏོང་རྒྱུ་མེད་པ་ཡིན་ན་གཟི་བརྗིད་ཁོག་སྟོང་ཆགས་ རྒྱུར་ཉེན་ཁ་ཡོད། ཅེས་སོགས་ཀྱི་སྔོན་འགྲོའི་ཆོས་འབྲེལ་བཀའ་སློབ་དང་སངས་རྒྱས་པའི་ཆོས་ཀྱི་ སྒྲོམ་གཞི་བདེན་བཞི་སོགས་ནང་ཆོས་ངོ་སྤྲོད་སྩལ་བསྟུན། ཉིན་རྒྱབ་བར་འབྲོམ་རྗེ་རྒྱལ་བའི་འབྱུང་གནས་ཀྱིས་མཛད་པའི་རང་རྒྱུད་ལ་སྐུལ་མ་འདེབས་པ་དད་པའི་ལྗོན་ཤིང་། ཞེས་པ་དེ་བཀའ་ཁྲིད་སྩལ། །