༢༠༡༦ ཟླ་ ༦ ཚེས་ ༢༧ རེས་གཟའ་ཟླ་བ།
༄༅། །ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༦ ལོའི་ཉེ་བའི་གཙུག་ལག་རམ་འབྱམས་པ་དང་། དུས་ཐུང་སྦྱོང་བརྡར་དང་ལས་རིགས་སྦྱོང་བརྡར། སྤྱིར་བཏང་སློབ་ཚན་བཅས་ཀྱི་ཆེད་གསལ་བསྒྲགས་སྔོན་སོང་ལྟར། ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༢༡ ཉིན་ཤེས་རིག་མཐོ་སློབ་སློབ་ཡོན་བགོ་འགྲེམ་ཆེད་མཐོ་སློབ་སློབ་ཡོན་ཚོགས་ཆུང་བསྐོང་ཚོགས་ཐོག་ཤེས་རིག་མཐོ་སློབ་སློབ་ཡོན་ཞུ་ལེན་གྱི་སྒྲིག་གཞི་དགོངས་དོན་བཞིན། སྙན་འབུལ་བ་ཁྱོན་གྲངས་ ༦༠༠ བྱུང་ཡོད་ཁོངས་ནས་འདི་ལོར་འཛིན་རིམ་བཅུ་གཉིས་ཐོན་པའི་སློབ་མ་གྲངས་ ༣༡༢ ལ་བརྒྱ་ཆ་རྩེ་བཏོག་གི་ལམ་ནས་འདེམས་སྒྲུག་གིས་སློབ་ཡོན་གནང་གཏན་འཁེལ་ཡོད། དེའི་ཁྲོད་སློབ་མ་གྲངས་ ༣༤ ཉམ་ཐག་ཁོངས་འདེམས་སྒྲུག་གནང་ཡོད། སློབ་ཡོན་འདིའི་ཁོངས་སུ་ཤེས་རིག་ལས་ཁུངས་ནས་ས་མིག་གྲངས་ ༣༤༨ གཏན་འབེབས་གནང་འདུག་ཀྱང་། ཁག་གཅིག་ཆ་རྐྱེན་མ་ཚང་བའི་རྐྱེན་གྱིས་སློབ་ཡོན་ཐོབ་ཁོངས་སུ་ཚུད་མེད།
ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༦ ལོའི་སློབ་ཡོན་སྡེ་ཚན་ཡོངས་ཀྱི་ཆེད་དུ་ས་མིག་གྲངས་ ༦༣༩ གཏན་འབེབས་གནང་ཡོད། དེའི་ནང་ནས་སློབ་ཡོན་ ༡༠༥ དགའ་ལྡན་ཕོ་བྲང་ཡིག་ཚང་དང་། ཉི་ཤུ་དབུས་བོད་སློབ་འཛིན་ཚོགས་བརྒྱུད་རྒྱ་གར་གཞུང་ནས་གནང་གི་ཡོད། གཙུག་ལག་རམ་འབྱམས་པ་དང་། ཉམས་ཞིབ་པ། ཁྱད་མཁས་ཆེད་ལས་སློབ་ཚན་སོགས་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་ཡོན་དེ་ཟླ་བ་དགུ་པའི་ནང་འདེམས་སྒྲུག་གནང་རྒྱུ་ཡིན་འདུག
རྩ་བའི་ཤེས་རིག་མཐོ་སློབ་སློབ་ཡོན་ཚོགས་ཆུང་གི་ཚོགས་མི་ཁོངས་སུ་ཤེས་རིག་བཀའ་བློན་མཆོག་གིས་དབུས་ཤེས་རིག་ལས་ཁུངས་ཀྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ་ཡོད་པ་དང་། ཐེངས་འདིའི་ཤེས་རིག་མཐོ་སློབ་སློབ་ཡོན་ཚོགས་ཆུང་གི་ཚོགས་འདུའི་ཐོག་འདི་ལོའི་བོད་སློབ་འཛིན་ཚོགས་ཀྱི་སློབ་ཡོན་ཁོངས་སུ་སློབ་མ་འདེམས་སྒྲུག་ཆེད་དབུས་བོད་སློབ་འཛིན་ཚོགས་ཀྱི་ཤེས་ཡོན་འགན་འཛིན་རེ་ནུ་པན་ཏི་ Dr. Reenu Pant ལགས་ཆེད་ཕེབས་གནང་ཡོད།
ཤེས་རིག་ལས་ཁུངས་ཀྱི་ངོས་ནས་སློབ་ཡོན་སྦྱིན་བདག་གནང་མཁན་དགའ་ལྡན་ཕོ་བྲང་དགེ་རྩ་ཚོགས་པ་དང་། རྒྱ་གར་གཞུང་། ཨ་རི་ USAID རོགས་ཚོགས། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ་དང་མི་སྒེར་པ་སོགས་སྦྱིན་བདག་ཡོངས་ལ་དཔལ་འབྱོར་གྱི་རོགས་རམ་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་རྗེས་དྲན་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱ་གར་ནང་འགྲོ་སོང་འཕར་བཞིན་པར་གཞིགས་ཏེ་འདི་ལོ་ནས་བཟུང་ཤེས་རིག་མཐོ་སློབ་སློབ་ཡོན་ཚོགས་ཆུང་གིས་ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་ཐོབ་མཁན་ཁོངས་སུ་ཡོད་པའི་སློབ་མ་གསར་རྙིང་ཡོངས་ལ་སློབ་ཡོན་ཧིན་སྒོར་ལྔ་སྟོང་རེ་སྤར་ཆ་གནང་རྒྱུའི་ཐུགས་གཏན་འཁེལ་འདུག་པ་བཅས།།