༢༠༡༦ ཟླ་ ༦ ཚེས་ ༢༠ རེས་གཟའ་ཟླ་བ།
༄༅། །མཚུངས་མེད་ཁྱབ་ཁོངས་དགོན་སྡེའི་བཤད་གྲྭ་ཁག་གི་མཁན་ལས་སྣེ་ལྷན་རྒྱས་མཆོག་ལ།
ཆེད་ཞུ། འདི་ནས་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་ཆོས་ཚོགས་སྔ་ཕྱིའི་གྲོས་ཆོད་དང་། ༢༠༡༣ ལོར་བསྐོང་འཚོགས་བཤད་སྒྲུབ་བསྟན་པ་གོང་སྤེལ་ལྷན་ཚོགས་ཐེངས་དང་པོའི་གྲོས་ཆོད། དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་བཅས་ལ་གཞིར་བཅས། དབུ་མའི་འཛིན་གྲྭར་སྐྱོད་བཞིན་པའམ་བསླབ་པ་མཐར་སོན་དགེ་འདུན་པ་རྣམས་ལ་དེང་དུས་ཚན་རིག་གི་ངོ་སྤྲོད་དང་གོ་རྟོགས་སྤེལ་ཕྱིར། ༢༠༡༤ ནས་བཟུང་ཚན་རིག་འཛིན་གྲྭ་མེད་པའི་ཆོས་སྡེ་ཁག་གི་སློབ་གཉེར་བར་དམིགས་ཏེ་འདི་ག་ལས་ཁུངས་ནས་བོད་ཀྱི་དཔེ་མཛོད་ཁང་གི་མཐུན་འགྱུར་རམ་འདེགས་འོག་༼དགེ་འདུན་པའི་དེང་དུས་ཚན་རིག་ཟབ་སྦྱོང་༽ཞེས་པའི་ལས་རིམ་ཞིག་ལག་བསྟར་བགྱིད་མུས་བཞིན། ཐེངས་འདིར་དགེ་འདུན་པ་སུམ་ཅུ་༼༣༠༽ལ་བཞུགས་གནས་བཞེས་ལག་དང་ལམ་གྲོན་བཅས་པ་ནར་གཏོང་གིས། འདི་ལོའི་ཕྱི་ཟླ་ ༨ ཚེས་ ༡ ནས་ ༡༥ བར་རྡ་ས་དབུས་སྣེ་ལེན་ཁང་དུ་ཚན་རིག་ངོ་སྤྲོད་དང་གོ་རྟོགས་སྤེལ་བའི་ཟབ་སྦྱོང་ཐེངས་གསུམ་པ་གོ་སྒྲིག་གནང་གཏན་འཁེལ་བ་ན། ཕྱི་ཟླ་ ༧ ཚེས་ ༥ འགྱངས་མེད་སོ་སོའི་འཚང་སྙན་འབྲེལ་ཡོད་དགོན་ལས་བརྒྱུད་ཕུལ་འབྱོར་དགོས་ལ། དགོས་མཁོའི་ཆ་རྐྱེན་སོགས་ནི་གཤམ་གསལ་དོན་ཚན་ཁག་ཏུ་གསལ་བས་ཐུགས་སྣང་བཞེས་པར་འཚལ།
དང་པོ། འཛུལ་ཞུགས་པའི་དགོས་མཁོའི་ཆ་རྐྱེན།
༡༽ སོ་སོའི་ཆོས་སྡེར་དེང་དུས་ཚན་རིག་གི་འཛིན་གྲྭ་མེད་པ།
༢༽ དབུ་མའི་འཛིན་གྲྭར་སྐྱོད་བཞིན་པའམ་བསླབ་པ་མཐར་སོན་པ།
3༽ དེང་དུས་ཚན་རིག་སྦྱོང་འདོད་ཡོད་པ་བཅས།
གཉིས་པ། ས་མིག་བགོ་ཕྱོགས།
ཐོག་མར་བཤད་གྲྭ་རེ་ནས་དགེ་བཙུན་གཅིག་རེ་མ་གཏོགས་ངོས་བཞེས་བྱ་རྒྱུ་མིན་ཀྱང་། ས་མིག་སྟོང་པ་ལྷག་ཚེ་སྙན་ཞུ་འབྱོར་རིམ་ལྟར་གཉིས་རེ་ངོས་བཞེས་བྱ་རྒྱུ།
གསུམ་པ། ལམ་གྲོན་ཆ་རྐྱེན།
1. མེ་འཁོར་དཀྱུས་མ་རིམ་པ་གཉིས་པ་ (Sleeper Class) དང་། སྤྱི་སྤྱོད་རླང་འཁོར་ལེགས་གྲས་ (Deluxe bus)། ཐག་ཉེའི་འགྲུལ་འཁོར་འཁོར་ལོ་གསུམ་ཅན་ (Auto rickshaw)།
2. ལྷོ་ཕྱོགས་སོགས་ཐག་རིང་ནས་ཕེབས་མཁན་རྣམས་ལྡི་ལི་ལྟ་བུར་ཉིན་གཅིག་བཞུགས་ཚེ་མགྲོན་ཁང་གླ་ཡོན་ཧིན་སྒོར་ ༥༠༠།
3. ལམ་བར་ལྟོ་དོད་ཉིན་རེ་ཧིན་སྒོར་ ༢༥༠། ཉེ་ཁུལ་ནས་ཕེབས་མཁན་རྣམས་ལ་ཧིན་སྒོར་ ༡༢༥།
4. འཁོར་ལོ་གསུམ་ཅན་དང་ལྟོ་དོད་མ་གཏོགས་གཞན་རྣམས་ཀྱི་བྱུང་འཛིན་དང་ལག་འཛིན་ངོ་མ་ངེས་པར་ཉར་ཚགས་གནང་དགོས་ལ། དེ་དག་གཞིར་བཞག་ལམ་གྲོན་གུན་གསབ་འབུལ་རྒྱུ།
5. སྦིར་སོགས་ཉེ་ཁུལ་ནས་ཕེབས་མཁན་རྣམས་སྤྱི་སྤྱོད་འགྲུལ་འཁོར་ནང་དུ་ཕེབས་དགོས། གལ་ཏེ་གླ་འཁོར་ཆུང་བར་ཕེབས་མཁན་བྱུང་ཚེ་སྤྱི་སྤྱོད་འགྲུལ་འཁོར་གྱི་གླ་འབབ་གང་ཡིན་འབུལ་རྒྱུ།
6. རྡ་ཤོད་ནས་སྣེ་ལེན་ཁང་བར་དུ་གླ་འཁོར་ཆུང་བ་ནང་དུ་ཕེབས་ཆོག འོན་ཀྱང་བྱུང་འཛིན་ངེས་པར་བཞེས་དགོས།
7. ས་གནས་སུ་ཕྱི་ཟླ་ ༧ ཚེས་ ༣༡ ཕྱི་དྲོ་ཆུ་ཚོད་ ༥ ནང་ཚུད་ཕེབས་འབྱོར་དགོས་ཤིང་། དེའི་དགོང་མོ་ནས་གསོལ་ཚིགས་གོ་སྒྲིག་ཞུ་རྒྱུ་བཅས།
བཞི་པ། འཚང་སྙན་འབུལ་སྟངས།
སོ་སོའི་ངོ་སྤྲོད་ལག་འཁྱེར་གྱི་འདྲ་བཤུས་དང་ལོ་རྒྱུས་ཐུང་ཙམ་དང་སྦྲགས་འཚང་སྙན་འདི་ག་ལས་ཁུངས་སུ་གློག་འཕྲིན་ནམ་སྦྲག་ཐོག་བརྒྱུད་ཕྱི་ཟླ་ ༧ ཚེས་ ༥ འགྱངས་མེད་ཕུལ་འབྱོར་ཟིན་དགོས་པས་དེ་དོན་དགོངས་འཇགས་ཞུ། ཆོས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡༤ ལ།། །།