༢༠༡༦ ཟླ་ ༦ ཚེས་ ༡༤ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡༤ ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་ནང་ཆབ་སྲིད་བཙོན་ཟུར་དགའ་ལྡན་གྲྭ་བག་གྲོ་ལགས་ཀྱིས་རྩོམ་སྒྲིག་བྱས་པའི་༼བོད་བོད་ཡུལ་ན་སྐྱིད། རྒྱ་རྒྱ་ཡུལ་ན་སྐྱིད། སྐྱིད་པའི་དུས་མཚམས་སྲུང་ན་སྐྱིད།༽ ཅེས་པའི་དཔེ་དེབ་དབུ་འབྱེད་གནང་སོང་། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། བོད་མི་མང་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས། ཆབ་སྲིད་བཙོན་ཟུར་དགའ་ལྡན་གྲྭ་བག་གྲོ་ལགས། གསར་འགོད་པ་བཅས་ལྷན་འཛོམས་ཀྱིས་ཐོག་མར་ཚང་མ་སྐུ་བཞེངས་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་། དེ་ནས་བོད་དང་བོད་མིའི་རྩ་དོན་ཆེད་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་བའི་རྒྱལ་གཅེས་པ་ཕོ་མོ་རྣམས་ཀྱི་བཀའ་དྲིན་རྗེས་དྲན་དང་མྱ་ངན་གུས་འདུད་མཚོན་སླད་ངག་བཅད་སྐར་མ་གཅིག་ཞུས་གྲུབ་བསྟུན་སྐུ་མགྲོན་གཙོ་བོ་མཆོག་གིས་དཔེ་དེབ་དབུ་འབྱེད་གནང་།
དེ་རྗེས་ཆབ་སྲིད་བཙོན་ཟུར་དགའ་ལྡན་གྲྭ་བག་གྲོ་ལགས་ཀྱིས་དཔེ་དེབ་རྩོམ་སྒྲིག་བྱས་པའི་དམིགས་ཡུལ་དང་དཔེ་དེབ་ཀྱི་ནང་དོན་སྙིང་བསྡུས་སོགས་ངོ་སྤྲོད་གནང་གྲུབ་མཚམས་སྐུ་མགྲོན་གཙོ་བོ་མཆོག་གིས་གསུང་བཤད་གནང་དོན། རྣམ་པ་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ང་ཚོའི་སྤྱི་ཚོགས་ནང་བར་ལམ་ནས་སོ་སོའི་མི་ཚེ་ལོ་རྒྱུས་བྲིས་ནས་དབུ་འབྱེད་གནང་བ། དེ་བཞིན་བོད་བསྟན་སྲིད་དང་འབྲེལ་བའི་དཔེ་དེབ་ལྗགས་རྩོམ་གནང་སྟེ་དབུ་འབྱེད་གནང་ནས་སྤྱི་ཚོགས་ནང་རིན་མེད་འགྲེམས་སྤེལ་གནང་བ།
གཞན་ཡང་རིན་པ་ཅུང་ཟད་བླངས་པའི་ཐོག་ནས་འགྲེམས་སྤེལ་ཞུས་པ། བོད་མིའི་སྤྱི་ཚོགས་ནང་སྒྲིག་འཛུགས་སྣ་ཚོགས་ཡོད་པར་བརྟེན། སྒྲིག་འཛུགས་སོ་སོའི་ངོས་ནས་ཀྱང་དཔེ་དེབ་སྣ་ཚོགས་འགྲེམས་སྤེལ་ཞུས་ཏེ་ཆོས་དང་རིག་གཞུང་། ཆབ་སྲིད་གང་ཅིའི་ཐོག་ལོ་མང་ནས་འདོན་བཞིན་ཡོད། ལྷག་པར་ལོ་མང་སྔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། མི་ཚེའི་ལོ་རྒྱུས་ངེས་པར་འབྲི་རྩོམ་གནང་ནས་ལོ་རྒྱུས་དེ་དག་ཕྱིས་སུ་མི་རབས་གཞོན་པ་ཚོ་དང་ཕྱི་འབྱུང་གི་མི་རབས་ཚོའི་འདས་པའི་ལོ་རྒྱུས་དེ་དག་ཉམས་སུ་མྱོང་ནས་ང་རང་ཚོའི་འཐབ་རྩོད་རྒྱུན་སྐྱོང་དང་གནས་སྟངས་ཡོངས་རྫོགས་བདེན་རྟགས་ཡོང་རྒྱུ་དང་། གནས་སྟངས་མཁྱེན་རྟོགས་ཡོང་རྒྱུའི་དགོངས་པའི་དཔྱད་གཞིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ཡང་ཡང་སྩལ་བ་གཞིར་བཟུང་བཙན་བྱོལ་སྤྱི་ཚོགས་ནང་དཔེ་དེབ་མང་པོ་མཇལ་རྒྱུ་ཡོད་པ་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་གི་བདུད་རྩི་སྩལ་གནང་མཛད་པར་བརྟེན་བྱུང་བ་དང་། དེ་བཞིན་དཔེ་དེབ་རྩོམ་སྒྲིག་སོགས་གང་ཅིའི་ཐད་གཞིས་བྱེས་གཉིས་ནས་གཞིས་བཞུགས་བོད་རིགས་སྤུན་ཟླ་ཚོ་གདུག་སྦྱོང་མནར་གཅོད་ཚད་ལས་འདས་པ་བྱུང་ཡོད་ཀྱང་ཕྱི་ལོ་ ༡༩༨༠།༡༩༩༠ ནང་བཙན་བྱོལ་ནས་ལྷག་བོད་ནས་དཔེ་དེབ་འདོན་སྤེལ་གནང་ནས་ཚུར་འབྱོར་བ་དེ་འདྲ་བྱུང་ཡོད། རིག་གནས་དང་། ཆོས་འབྱུང་། རྒྱལ་རབས། སྤྱི་ཡོངས་ཀྱི་ལོ་རྒྱུས་གནས་འགག་མང་ཆེ་བ་བོད་ནང་ལྗགས་རྩོམ་གནང་ནས་བཙན་བྱོལ་ནང་ལོངས་སུ་སྤྱོད་རྒྱུ་ཡོད་པ་དངོས་ཡོད་གནས་ཚུལ་ཆགས་ཡོད་པར་བརྟེན།དེ་དག་ལ་ལེགས་གསོལ་བསྔགས་བརྗོད་དང་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན།
རྩ་བའི་སངས་རྒྱས་ཀྱི་བཀའ་འགྱུར་བསྟན་འགྱུར་ལ་སོགས་པ་དེ་དག་རིག་གཞུང་བསྟི་གནས་ཁང་དང་། དགོན་སྡེ་ཁག འགྲེམས་སྟོན་ཁང་བཅས་ནང་མཇལ་རྒྱུ་ཡོད་པ། ཐོས་བསམ་སློབ་གཉེར་གནང་རྒྱུ་ཡོད་པ་འདི་བོད་པའི་ཐུན་མོང་མ་ཡིན་པའི་བདེན་རྟགས་ཀྱི་ངོ་སྤྲོད་ཅིག་ཡིན་པ་ཙམ་དུ་མ་ཟད། བོད་ཀྱི་ཐུན་མིན་ཁྱད་ཆོས་ཤིག་ཀྱང་ཆགས་ཡོད། དེ་ལ་བརྟེན་ནས་འཛམ་གླིང་ནང་དགའ་ཞེན་ཅན་དང་། དོ་སྣང་ཅན་དེ་དག་བོད་མིའི་སྤྱི་ཚོགས་ཀྱི་ཁོར་ཡུག་འདྲ་མིན་ནང་ཐོས་བསམ་སློབ་གཉེར་དང་། ཉམས་ཞིབ། དཔྱད་ཞིབ་གནང་ཆེད་ཡོང་བ་དང་། ང་ཚོའི་མགྲིན་ཚབ་བྱས་ཏེ་འཛམ་གླིང་སྤྱི་ཚོགས་ནང་སློབ་དཔོན་ཆེན་པོ་ཆགས་པ་དང་། མཐོ་རིམ་སློབ་གྲྭའི་སློབ་དཔོན་ཆེན་པོ་ཆགས་པ་ཙམ་མ་ཟད། ཞོར་ལ་ཕྱག་དཔེ་ལྗགས་རྩོམ་གནང་བ་མཇལ་རྒྱུ་ཡོད་པ་དོན་དངོས་ཀྱི་གནས་སྟངས་ཤིག་རེད།
ཆབ་སྲིད་བཙོན་ཟུར་དགའ་ལྡན་གྲྭ་བག་གྲོ་ལགས་ཀྱིས་མི་སྒེར་པ་ཞིག་གིས་ཕལ་ཆེར་དཔེ་དེབ་བཅོ་ལྔ་ཙམ་དུས་ཚོད་ཐུང་ངུའི་ནང་མི་རིགས་དང་འཐབ་རྩོད་གཞི་རྩར་བཟུང་ནས་འདོན་ཐུབ་པ་འདི་དངོས་གནས་གཟི་བརྗིད་ཆེན་པོ་ཞིག་དང་། བྱས་རྗེས་ཆེན་པོ་ཞིག་རེད། ཅེས་ག་དུས་ཡིན་ནའང་ཐུག་པའི་སྐབས་སུའང་ཞུས་ཀྱི་ཡོད་ལ། དེ་རིང་ཡང་ངས་རྗེས་སུ་ཡི་རང་དང་། བསྔགས་བརྗོད། ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད་པ་བཅས།།