༢༠༡༦ ཟླ་ ༦ ཚེས་ ༡༧ རེས་གཟའ་པ་སངས།
༄༅། །བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཨ་རིའི་སྲིད་འཛིན་སྐུ་ཞབས་བྷ་རག་ཨོ་བྷ་མ་མཆོག་ལ་ཐུགས་རྗེ་ཆེ་ཞུའི་འཕྲིན་ཡིག་གཅིག་ཕུལ་ཡོད་པའི་ནང་འཁོད་དོན། སྐུ་ཉིད་མཆོག་གིས་རྒྱ་ནག་གཞུང་གི་གནོན་ཤུགས་དང་ཨོར་ལེན་ ཌོའི་Orlandoགྲོང་ཁྱེར་དུ་གོད་ཆག་ཕོག་པའི་བློ་ཕམ་གྱི་གནས་སྟངས་ཛ་དྲག་ཡོད་མིན་ལ་མ་ལྟོས་པར་ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡༥ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་ཨ་རིའི་ཕོ་བྲང་དཀར་པོའི་ནང་གདན་ཞུའི་མཇལ་འཕྲད་གཟབ་རྒྱས་ཞུས་ཡོད། དེར་བརྟེན་བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་སྐུ་ཉིད་མཆོག་ལ་སྙིང་ཁོངས་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ཞུ་བཞིན་ཡོད། སྐུ་ཉིད་མཆོག་གིས་དབུ་མའི་ལམ་གྱི་བཞེངས་ཕྱོགས་དེར་མུ་མཐུད་རྒྱབ་སྐྱོར་གནང་བ་དང་སྦྲགས། བོད་རྒྱ་ཕྱོགས་གཉིས་དབར་མི་མཐུན་པ་རྣམས་སེལ་ནས་འགྲིག་ཆགས་ཡོང་སླད་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོས་༸གོང་ས་མཆོག་གམ་ཁོང་གི་སྐུ་ཚབ་དང་ལྷན་དོན་སྙིང་ལྡན་པའི་གྲོས་མོལ་བསྐྱར་གསོ་ཞུ་དགོས་པའི་རེ་འདུན་བཏོན་པར་ང་ཚོས་བཀའ་དྲིན་ཤིན་ཏུ་ཆེ་ཞེས་ཞུ་རྒྱུ་མ་ཟད། ད་ལྟའི་བོད་ནང་གི་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞེན་ཇེ་སྡུག་ཏུ་འགྲོ་བཞིན་པ་དེར་སྐུ་ཉིད་མཆོག་དང་སྐུ་ཉིད་ཀྱི་སྲིད་གཞུང་ནས་ཐུགས་འཚབ་གནང་བ་མ་ཟད། བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག དེ་བཞིན་འཇིགས་སླ་བའི་མཐོ་སྒང་བོད་ཀྱི་ཁོར་ཡུག་སོགས་སྲུང་སྐྱོབ་བྱ་རྒྱུ་གལ་ཆེར་བརྩིས་ནས་བསམ་ཚུལ་ཤུགས་ཆེ་བཏོན་གནང་བ་དེར་ང་ཚོས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ང་ཚོས་སླར་ཡང་ཨ་རིའི་གཞུང་མང་གཉིས་དང་། ཨ་རིའི་གྲོས་ཚོགས་བཅས་ཀྱིས་བོད་མིའི་དོན་དམ་དཀའ་ངལ་སེལ་ཆེད་རྒྱབ་སྐྱོར་ཤུགས་ཆེ་གནང་དང་གནང་བཞིན་པ་དེར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་འཁོད་ཡོད།།