ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༢༩ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༢༧ དང་ ༢༨ བཅས་ཉིན་གྲངས་གཉིས་རིང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་སྤྱི་ཚོགས་འཕྲོད་བསྟེན་ཚན་པའི་གོ་སྒྲིག་འོག བོད་ནས་གསར་དུ་འབྱོར་ཞིང་ད་ལྟ་སུ་ཇཱ་བོད་ཁྱིམ་སློབ་གྲྭར་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་བུད་མེད་ཁྱོན་གྲངས་ ༣༠ ཙམ་ལ་གཞི་རིམ་འཕྲོད་བསྟེན་སྐོར་གྱི་ཟབ་སྦྱོང་གནང་འདུག སྐབས་དེར་ཟབ་ཁྲིད་པའི་ཁོངས་སུ་འཕྲོད་བསྟེན་ལས་ཁུངས་ནས་འཕྲོད་བསྟེན་འབྲེལ་མཐུད་པ་ལྔ་དང་། རྡ་ས་ས་གནས་ཀྱི་སྨན་ཞབས་པ་གཉིས། སྨན་རྩིས་ཁང་གི་སྨན་པ་བཅས་ཡོད་འདུག
ཐེངས་འདིའི་ཟབ་སྦྱོང་ཐོག་བུད་མེད་ཀྱི་འཕྲོད་བསྟེན་དང་འབྲེལ་བའི་གནད་དོན་དཔེར་ན། ཕོ་མོ་ཕན་ཚུན་ལུས་འབྲེལ་བྱུང་སྐབས་འགོ་རྒྱུའི་ནད་གཞི་དང་། སྐྲན་ནད། ཟས་བཅུད་བསྟེན་ཕྱོགས། སྤྱིར་བཏང་འཕྲོད་བསྟེན། སེམས་ཁམས་འཕྲོད་བསྟེན་བཅས་ཀྱི་ཐོག་གོ་རྟོགས་སྤེལ་ཡོད། དེ་བཞིན་གློ་ནད་ཀྲི་བི་དང་། གཉན་ནད་རེག་དུག་དང་མཆིན་པའི་གཉན་ཚད་ནད་གཞིའི་སྐོར་ཡང་གོ་རྟོགས་སྤེལ་ཡོད། ཕྱོགས་མཚུངས་ཟབ་སྦྱོང་སྐབས་བོད་ཀྱི་གསོ་བ་རིག་པའི་ལམ་ལུགས་ལྟར་བུད་མེད་ཀྱི་འཕྲོད་བསྟེན་བསྟེན་ཕྱོགས་སྐོར་ཟབ་ཁྲིད་གནང་ཡོད།
ཟབ་སྦྱོང་འདིའི་དམིགས་ཡུལ་གཙོ་བོ་ནི། གཞི་རིམ་འཕྲོད་བསྟེན་དང་འབྲེལ་བའི་སྐོར་གོ་རྟོགས་སྤེལ་རྒྱུ་སྤྱི་དང་། ལྷག་པར་བོད་ནས་གསར་དུ་འབྱོར་བའི་བུད་མེད་རྣམས་ལ་བུད་མེད་ཀྱི་འཕྲོད་བསྟེན་བསྟེན་ཕྱོགས་སྐོར་གོ་རྟོགས་སྤེལ་རྒྱུ་ཡིན་འདུག་པ་བཅས།།