༢༠༡༦ ཟླ་ ༦ ཚེས་ ༡༠ རེས་གཟའ་པ་སངས།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡༠ ནས་ཚེས་ ༡༩ བར་ཨ་རི་རྒྱལ་ས་ཝ་ཤིང་ཊོན་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད། དེ་ཡང་ཐེངས་འདིར་སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་དང་ཡུ་ཊ། ས་ལི་སི་བུ་རི་སོགས་སུ་ཕེབས་ནས་ནིའུ་ཡོག་བོད་རིགས་རྣམས་ལ་གསུང་བཤད་གནང་རྒྱུ་མ་ཟད། ཕྱི་ཚེས་ ༡༢ ཉིན་ཡུ་ཊ་བོད་རིགས་ཚོགས་པའི་སྤྱི་ཁང་དབུ་འབྱེད་གནང་རྒྱུ་དང་། གཞན་ཡང་ས་ལི་སི་བུ་རི་གཙུག་ལག་སློབ་གཉེར་ཁང་གི་རྟགས་མ་འབུལ་བཞེས་གནང་རྒྱུ་བཅས་ཀྱི་ལས་དོན་རྣམས་ཡོངས་སུ་ལེགས་གྲུབ་རྗེས་ཕྱི་ཚེས་ ༡༩ ཉིན་རྡ་སར་ཕྱིར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་ཕྱི་ཚེས་ ༡༠ ཉིན་རྡ་ས་ནས་གྷ་གལ་བརྒྱུད་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། དེ་ནས་ལྡི་ལི་ནས་ནེ་ཝཀ་རུ་ཕེབས་ཐོན་གྱིས་ཕྱི་ཚེས་ ༡༡ ཉིན་ནེ་ཝཀ་ནས་ཝ་ཤིང་ཊོན་ཌི་སིར་ཕེབས་འབྱོར་གནང་རྒྱུ། ཕྱི་ཚེས་ ༡༢ ནས་ ༡༦ བར་ས་གནས་སུ་ལས་འཆར། ལྷག་པར་ཕྱི་ཚེས་ ༡༥ ཉིན་ཨ་རི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་National Endowment for Democracy (NED) ཞེས་པའི་མང་གཙོ་གོང་སྤེལ་བསྟི་གནས་ཁང་གིས་བོད་མིའི་སྒྲིག་འཛུགས་དེ་བཞིན་ཡང་དག་པའི་མང་གཙོའི་ལམ་ལུགས་ཐོག་ཕྱག་ལས་གནང་བཞིན་པར་ངོས་འཛིན་དང་ཆེད་བསྟོད་ཀྱི་གཟེངས་རྟགས་ཞིག་འབུལ་རྒྱུ་ཡིན་འདུག ཕྱི་ཚེས་ ༡༧ ཉིན་ཝ་ཤིང་ཊོན་ཌི་སི་ནས་ནེ་ཝཀ་བརྒྱུད་ལྡི་ལིར་ཕེབས་འབྱོར་གནང་རྒྱུ་དང་། ཕྱི་ཚེས་ ༡༩ ཉིན་ལྡི་ལི་ནས་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག་པ་བཅས།།