༢༠༡༦ ཟླ་ ༥ ཚེས་ ༣ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༢ ཉིན་ཨ་རིའི་གཞུང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ཚན་པས་ཕྱི་ལོ་ ༢༠༡༥ ལོའི་ལོ་འཁོར་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་འཛམ་གླིང་ཁྱོན་ཡོངས་ཀྱི་ཆོས་དད་རང་དབང་ཐོག་ཉེན་ཚབས་ཤུགས་ཆེ་འཕྲད་བཞིན་ཡོད་སྐོར་འཁོད་འདུག
དེ་ཡང་སྙན་ཐོའི་ནང་རྒྱ་ནག་ནང་གི་ཆོས་དད་རང་དབང་སྐོར་འཁོད་དོན། ཕྱི་ལོ་ ༢༠༡༥ ལོའི་ནང་རྒྱ་ནག་གཞུང་གིས་མུ་མཐུད་ཆོས་དད་རང་དབང་ལ་རྩིས་མེད་རྡོག་རོལ་བཏང་ཡོད། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྟེང་རང་ཉིད་ལ་བདེན་པ་ཡོད་ཁུལ་བྱེད་བཞིན་ཡོད་ཀྱང་། རྒྱ་ནག་རྒྱལ་ནང་དུ་མི་སྒེར་དང་ཚོགས་སྡེ་ཁག་སུ་རུང་གིས་འགྲོ་བ་མིའི་ཐོབ་ཐང་དང་ཚུལ་ལྡན་ཁྲིམས་ལུགས་དབང་བསྒྱུར་ཐོག་ནས་འགྲོ་རྒྱུའི་ལམ་སྲོལ་དེར་རྒྱབ་སྐྱོར་བྱས་པ་ཡིན་ན་དེར་དམ་བསྒྲགས་བྱས་དང་བྱེད་མུས་ཡིན། རྒྱ་ནག་གཞུང་གིས་ཡུ་གུར་ཁ་ཆེ་བ་དང་བོད་རིགས་ནང་པའི་ཐོག་སུན་གཙེར་དང་དྲག་གནོན་མུ་མཐུད་བྱེད་བཞིན་ཡོད་པ་མ་ཟད། བོད་ཀྱི་སྐྱབས་མགོན་ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་བྱེད་རྒྱུའི་བདག་དབང་རྒྱ་ནག་གཞུང་ལ་ཡོད་སྐོར་བརྗོད་བཞིན་ཡོད། ཅེས་དང་།
ཡང་སྙན་ཐོའི་ནང་འཁོད་དོན། ཕྱི་ལོ་ ༢༠༡༥ ནང་རྒྱ་ནག་གཞུང་གིས་བོད་མི་ནང་པ་རྣམས་ཀྱི་ཐོག་དམ་བསྒྲགས་ཤུགས་ཆེ་བྱས་པ་བརྒྱུད་བོད་པའི་རིག་གཞུང་དང་ཆོས་དད་ཐོག་སྟངས་འཛིན་དང་དྲག་གནོན་བྱེད་བཞིན་ཡོད། བོད་པའི་དགོན་སྡེ་ཁག་གི་ནང་རྒྱ་ནག་གཞུང་གི་ལས་བྱེད་པ་ཚོས་དོ་ནན་ཐོག་རྟོག་ཞིབ་བྱེད་བཞིན་པ་མ་ཟད། རྒྱ་ནག་གཞུང་གི་དཔོན་རིགས་ཚོས་དགོན་པའི་ནང་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་རྒྱ་ཆེ་སྤེལ་བཞིན་ཡོད། ཅེས་འཁོད་ཡོད།
དེ་བཞིན་སྙན་ཐོའི་ནང་རྒྱ་ནག་གཞུང་གིས་བོད་མི་ཆོས་བྱེད་དགེ་འདུན་པ་གཞོན་སྐྱེས་ཚོའི་སློབ་གཉེར་གནང་ཕྱོགས་ཐད་བྱུས་གཏོགས་ཧ་ཅང་བྱེད་བཞིན་ཡོད་སྐོར་འཁོད་པ་ཙམ་མ་ཟད། བོད་མིའི་རང་སྲེག་ལས་འགུལ་སྤེལ་མཁན་ཇེ་མང་དུ་འགྲོ་བཞིན་པ་དང་། བོད་མི་སྤྱི་ཚོགས་ལས་འགུལ་བ་དང་ཆོས་ཕྱོགས་ཀྱི་དབུ་ཁྲིད་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་བཙོན་ཁང་ནང་གློ་བུར་དུ་འདས་གྲོངས་ཕྱིན་པ་སོགས་གསལ་བཏོན་གནང་འདུག །