༢༠༡༦ ཟླ་ ༥ ཚེས་ ༢༤ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༢༤ ཉིན་རྡ་ས་མེག་གྷན་ཉིན་མོ་སློབ་གྲྭའི་ཚོགས་ཁང་ནང་རྡ་ས་ས་གནས་མི་མང་གིས་གོ་སྒྲིག་འོག་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་བཀའ་བློན་གྱི་ལས་སྣེ་འཁྱུར་ལ་ཉེ་བར་བརྟེན་བཀའ་བློན་མཆོག་གིས་འདས་པའི་ལོ་ལྔའི་རིང་བོད་མི་རྣམས་ལ་ལྟ་སྐྱོང་གང་ལེགས་གནང་བར་བཀའ་དྲིན་རྗེས་དྲན་ཞུ་སླད་ཐུགས་རྗེ་ལེགས་འབུལ་གྱི་མཛད་སྒོ་ཞིག་ཚོགས་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་ནང་སྲིད་བཀའ་བློན་མཆོག་གིས་གཙོས་རྡ་ས་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ། རྡ་ས་ས་གནས་འགོ་འཛིན་ལས་ཚབ་ཚེ་རིང་ལྷ་མོ་ལགས། རང་ལྡན་ཚོགས་ཆུང་གི་ཚོགས་གཙོ། བཞུགས་སྒར་ཁུལ་མེཀ་གྷན་ལམ་ཟུར་དུ་ཁྲོམ་སྟོན་མཁན་བོད་མི་རྣམས་དང་རྡ་ས་མེཀ་གྷན་བོད་ཀྱི་ཟློས་གར་གྱི་འགྲོ་ལམ་གཡས་གཡོན་དུ་གནས་སྡོད་བོད་མི་ཁྱིམ་ཚང་ ༢༡༨ ཀྱི་ཁྱིམ་མི་རྣམ་པ། རྡ་ས་ས་གནས་མི་མང་དང་མི་མང་གི་འཐུས་མི། མཉམ་ལས། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་ཕྱི་ནང་གསར་འགོད་པ་བཅས་ཁྱོན་མི་གྲངས་ ༢༠༠ ལྷག་མཉམ་འཛོམས་གནང་འདུག
མཛད་སྒོའི་ཐོག་མར་རྡ་ས་ས་གནས་འགོ་འཛིན་ལས་ཚབ་ཚེ་རིང་ལྷ་མོ་ལགས་ཀྱིས་ཐེངས་འདིའི་མཛད་སྒོ་དེ་བཞིན་རྡ་ས་གནས་སྡོད་ཁྱིམ་ཚང་ ༢༡༨ དང་རྡ་ས་མི་མང་། དེ་བཞིན་ཚོང་པ་བཅས་རྡ་ས་མི་མང་ཡོངས་ནས་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་ལས་ཡུན་ལོ་ལྔའི་རིང་རྒྱ་གར་དབུས་ས་གཉིས་ལ་ཞུ་གཏུགས་སྔ་ཕྱི་བར་གསུམ་གྱི་ཐོག་ནས་བཞུགས་སྒར་ཁུལ་མེག་གྷན་ལམ་ཟུར་དུ་ཁྲོམ་སྟོན་མཁན་བོད་མི་རྣམས་ཀྱི་ཁྲོམ་སའི་དཀའ་ངལ། དེ་བཞིན་རྡ་ས་མེག་གྷན་བོད་ཀྱི་ཟློས་གར་གྱི་འགྲོ་ལམ་གཡས་གཡོན་དུ་གནས་སྡོད་བོད་མི་ཁྱིམ་ཚང་ ༢༡༨ ལ་སྡོད་ཁང་གི་དཀའ་ངལ་སོགས་སེལ་ཐུབ་པ་བྱུང་བ་དང་། རྒྱ་གར་གཞུང་ནས་བོད་མི་ཚོར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་མཚོན་ཟ་འབྲུ་ལག་འཁྱེར་སོགས་ཕྱོགས་ཡོངས་ནས་ཕྱག་ལས་རྒྱ་ཆེ་གནང་བར་རྡ་ས་ས་གནས་མི་མང་རྣམས་ཀྱིས་ཐུགས་རྗེ་ལེགས་འབུལ་གྱི་མཛད་སྒོ་དེ་ཉིད་གོ་སྒྲིག་གནང་བ་ཞིག་ཡིན་སྐོར་གསུང་གྲུབ་མཚམས། སྐུ་མགྲོན་གཙོ་བོ་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ལ་རྡ་ས་ས་གནས་མི་མང་འཐུས་ཚབ་རྣམས་ཀྱིས་ཐུགས་རྗེ་ལེགས་འབུལ་གྱི་སྐུ་ཐང་ཕུལ་བ་དང་། མི་མང་རྣམས་ཀྱིས་བཀའ་བློན་མཆོག་ལ་མཇལ་དར་འབུལ་རྗེས་བཀའ་བློན་མཆོག་གིས་གསུང་བཤད་གནང་དོན། ང་ཚོས་ལས་ཀ་ག་རེ་བྱས་ཀྱང་རང་གི་ལས་འགན་ཞིག་ཡིན་སྟབས། བཀའ་དྲིན་རྗེས་དྲན་དང་ཐུགས་རྗེ་ཆེ་ཞེས་ཞུ་དགོས་པ་གང་ཡང་མེད། ང་ཚོས་སྙིང་ཁོངས་རུས་པའི་གཏིང་ནས་བཀའ་དྲིན་རྗེས་དྲན་ཞུ་དགོས་ས་ཉག་གཅིག་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡིན། ང་ཚོས་བོད་དང་བོད་མིའི་གནད་དོན་ཇི་འདྲ་ཞིག་བསྒྲུབ་དགོས་ཀྱང་༸གོང་ས་མཆོག་གི་མཚན་སྙན་དང་སྐུའི་གཟི་བརྗིད་ལ་བརྟེན་ནས་འབད་མེད་ལྷུན་འགྲུབ་ཏུ་ཡོང་བཞིན་ཡོད། དེར་བརྟེན་དེ་རིང་གོ་སྐབས་འདི་བརྒྱུད་ནས་གུས་མོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བོད་མི་ཡོངས་ཀྱི་ཚབ་ཞུས་ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ཆེ་ཆེ་ཞེས་ཞུ་རྒྱུ་ཡིན།
དེ་ཡང་འདིར་རྡ་ས་མེཀ་གྷན་ཁུལ་གྱི་བོད་མི་ཁྱིམ་ཚང་ ༢༡༨ ལ་འཕྲད་པའི་དཀའ་ངལ་འདིའི་ཐོག་ནས་ཞུས་ན། རྒྱ་གར་ཁོར་ཡུག་ཁྲིམས་ཁང་ཐོག་ནས་ང་ཚོ་ཁྱིམ་ཚང་དེ་དག་གནས་ཡུལ་དེ་ཤིང་ནགས་དཀྱིལ་དུ་ཆགས་ཡོད་སྟབས། ཁྲིམས་འགལ་ཡིན་པའི་བཀོད་ཁྱབ་ཕེབས་ཡོད། བཀོད་ཁྱབ་དེ་ཁྲིམས་ལུགས་ཐོག་ནས་བོད་པ་གཅིག་པུར་བཏང་བ་ཞིག་མ་རེད། རྒྱ་གར་ཀུ་ལུ་མ་ན་ལི་སོགས་ལ་དེ་འདྲ་བྱུང་ཡོད། སྐབས་དེར་ས་གནས་རྫོང་ནས་བྱེད་ཐབས་མེད་པའི་ཐོག་ནས་ཁང་པ་དེ་དག་གཏོར་རྒྱུ་ཡིན་པའི་ཛ་དྲག་གི་གནས་ཚུལ་ཞིག་ཆགས་པ་རེད། དེ་ནས་རྒྱ་གར་དབུས་གཞུང་ནས་ཚོགས་འདུ་རིམ་པ་ཚོགས་པ་བརྒྱུད་རྒྱ་གར་དབུས་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེས་མངའ་སྡེ་གཞུང་གི་དྲུང་ཆེར་ཕྱག་འབྲི་ཞིག་ཕུལ་ཡོད་པའི་ནང་། མངའ་སྡེ་ནས་ཐག་གཅོད་ཀྱིས་ཁང་པ་དེ་དག་གཏོར་རྒྱུ་ཡིན་པ་དེ་རྒྱ་གར་དབུས་གཞུང་གི་སྲིད་བྱུས་དང་མི་མཐུན་པ་ཡིན་སྐོར་དང་། དེ་བཞིན་བོད་མིའི་གནས་སྟངས་ནི་རྒྱ་གར་ནང་དམིགས་བསལ་ཡིན་སྐོར་སོགས་གསུངས་ཡོད།
རྒྱ་གར་དབུས་གཞུང་ནས་བོད་པར་གཟིགས་པ་ཆེན་པོ་ཡོད་པ་གསལ་པོ་རེད། རྒྱ་གར་གཞུང་གིས་བཙན་བྱོལ་བོད་མིར་འཛིན་པའི་སྲིད་བྱུས་དེའི་ནང་དོན་ཚན་མང་དག་ཅིག་ཡོད་ནའང་། དོན་ཚན་གཅིག་གི་ནང་མངའ་སྡེ་གང་ཞིག་ནས་ཕྱིར་འབུད་བཏང་བ་དེ་འདྲ་བྱུང་ན། མངའ་སྡེ་ནས་ས་ཆ་གུན་གསབ་སྤྲོད་དགོས་པ་སོགས་འཁོད་ཡོད། སྲིད་བྱུས་དེའི་ནང་བོད་ནས་རྒྱ་གར་དུ་སྔ་ཕྱི་འབྱོར་མཁན་བོད་མི་རྣམས་ལ་ཁྱད་པར་མེད་པ། བོད་མི་གང་ཞིག་རྒྱ་གར་ནང་ཁྲིམས་མཐུན་གྱི་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་དེབ་ཡོད་མཁན་ཚང་མར་ལྟ་སྐྱོང་གཅིག་མཚུངས་གནང་བའི་སྲིད་བྱུས་ཤིག་ཆགས་ཡོད། ཁྱིམ་ཚང་ ༢༡༨ དཔེ་མཚོན་དུ་བྱས་ནས་དེ་མིན་གྱི་རོགས་སྐྱོར་གཞན་ཁག་རྒྱ་གར་དབུས་གཞུང་གི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་སྟབས། དེ་རིང་ངས་གོ་སྐབས་འདིའི་བརྒྱུད་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་རྒྱ་གར་དབུས་གཞུང་གི་གཞུང་འཛིན་སྲིད་གཞུང་རིམ་བྱོན་རྣམ་པས་བཙན་བྱོལ་བོད་མིར་གཟིགས་རྟོགས་ཡག་པོ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། དེ་བཞིན་མངའ་སྡེའི་གཞུང་ནས་ཀྱང་ཁྲིམས་ཁང་གིས་བཀའ་ཕེབས་མ་ཐག་ཁང་པ་དེ་དག་གཏོར་བཤིག་བཏང་མེད། དེ་ནས་མངའ་སྡེ་གཞུང་ནས་ཧི་མཱ་ཅལ་མངའ་སྡེའི་བོད་མིའི་ལྟ་སྐྱོང་སྲིད་བྱུས་ཞེས་གཏན་འབེབས་གནང་རྗེས་ད་ལྟའི་དུད་ཚང་ ༢༡༨ དེ་ཁྲིམས་མཐུན་ཐོག་ནས་གནས་སྡོད་བྱས་པ་ཞིག་ཆགས་ཡོད། ང་ཚོས་རྒྱ་གར་གཞུང་གི་ཁྲིམས་ལ་བརྩི་བཀུར་མ་བྱས་པར་སྡོད་ཐབས་མེད།
ལྷག་པར་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཝིར་བྷདྲཱ་སིངྒ་མཆོག་གིས་སྐྱོང་བཞིན་པའི་ད་ལྟའི་གཞུང་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང་། ལས་དོན་གང་བྱེད་པ་ཡིན་ནའང་རྒྱལ་ཁབ་དེའི་ཡུལ་མིས་འདོད་པ་མེད་པ་ཞིག་གཞུང་གིས་མཛད་རྒྱུ་ཧ་ཅང་ཁག་པོ་རེད། གཞུང་གི་སེམས་ནང་ཡོད་པ་ཡིན་ནའང་མི་མང་གིས་འདོད་པ་མེད་པ་ཡིན་ན། དེང་སྐབས་མང་གཙོ་རེད། ང་ཚོ་ཕན་ཚུན་གཅིག་གིས་གཅིག་ལ་ག་ཚོད་བསྟུན་དགོས་འདུག དེར་བརྟེན་མང་གཙོའི་སྒྲིག་འཛུགས་ནང་གཞུང་གིས་གཟིགས་པ་གནང་དགོས་བསམས་པ་ཡིན་ནའང་། མི་མང་གིས་འདོད་པ་མེད་པ་ཡིན་ན། གནང་རྒྱུར་བར་ཆད་མང་པོ་ཞིག་ཡོང་བཞིན་ཡོད། དུས་ཚང་ ༢༡༨ དང་འབྲེལ་བའི་ཐོག་ནས་ཡིན་ནའང་། རྡ་ས་ཁུལ་གྱི་རྒྱ་གར་གྱི་ཧིན་བོད་མཛའ་འབྲེལ་ཚོགས་པ་དང་། ཚོང་པའི་ཚོགས་པ་སོགས་ཚོགས་པ་ཉི་ཤུ་རྩ་གྲངས་ནས་ཁོང་ཚོའི་ཁང་པ་གཏོར་ན་འགྲིག་གི་མི་འདུག ཁོང་ཚོ་ད་ང་ཚོ་གནས་སྟངས་གཅིག་པའི་ཐོག་ལོ་མང་པོ་ནས་མཉམ་དུ་བསྡད་ཡོད། ཁོང་ཚོའི་ཁང་པ་གཏོར་མི་དགོས་པ་ཞིག་གནང་དགོས་ཀྱི་འདུག ཅེས་ང་ཚོས་རེ་འདུན་ཞུས་པ་བཞིན་ཁོང་ཚོས་རྒྱབ་སྐྱོར་གནང་ཡོད། ཅེས་སོགས་གསུངས་པ་མ་ཟད། བཀའ་བློན་མཆོག་གིས་མུ་མཐུད་གསུང་དོན། ཁ་སང་ཞོགས་པ་ད་ལྟའི་བཀའ་ཤག་སྐབས་ ༡༤ ལས་ཡུན་འཁྱུར་ལ་ཉེ་བར་བརྟེན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དྲུང་དུ་ཐོན་མཇལ་ཆེད་བཅར་བ་ཡིན།
དེ་རིང་སྔ་དྲོ་ནས་ཐོན་མཇལ་བཅར་སྐབས་རང་ཉིད་ཀྱི་ཚོར་བ་དེ་རྣམ་པ་ཚོར་ཞུ་རྒྱུའི་བསམ་བློ་འཁོར་བྱུང་། ང་ཚོ་ཚང་མས་ང་འགྲིག་ཡོད་དང་ཁོ་འགྲིག་མ་སོང་། ཁོང་ཚོས་ཕྱོགས་རིས་བྱེད་ཀྱི་འདུག ང་ཚོས་ཕྱོགས་རིས་བྱེད་ཀྱི་མེད། ཅེས་ང་ཚོ་ཚང་མས་འདི་ལྟར་ཤོད་མཁན་ཤ་སྟག་རེད་བསམས་དྲན་བཞིན་ཡོད། ངས་དེ་རིང་འདིར་སུ་འགྲིག་མ་འགྲིག་དང་སུ་ཡག་པོ་ཡོད་མེད་བཤད་རྒྱུའི་འདོད་པ་མེད། ང་ཚོའི་འོས་བསྡུའི་ལས་རིམ་དེ་བསྒྲུབས་ཟིན་པ་རེད། ང་ཚོ་ཚང་མར་ཉམས་མྱོང་ཡག་པོ་ཞིག་བསགས་ཡོད། ང་ཚོ་ད་ལྟའང་ཕྱིས་དྲགས་མེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཆོལ་ཁ་གསུམ་རྡོག་རྩ་ཆིག་ཏུ་སྒྲིལ་ཏེ་གནས་ཐུབ་དགོས་རྒྱུའི་ཐུགས་རེ་མཛད་བཞིན་ཡོད། དེར་བརྟེན་བོད་མི་མི་རེ་ངོ་རེ་ནས་འགན་འཁུར་བའི་ཐོག་ནས་ཆིག་སྒྲིལ་ཡོང་ཐབས་ལ་འབད་བརྩོན་གནང་དགོས། ཕྱི་ལོ་ ༡༩༥༩ ལོར་ང་ཚོ་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་གིས་བོད་ཆོལ་ཁ་གསུམ་གཅིག་ཏུ་སྒྲིལ་བའི་ཐོག་ནས་དགའ་ན་དགའ་གཅིག་དང་སྡུག་ན་སྡུག་གཅིག་ཅེས་རླབས་ཆེན་གྱི་དགོངས་པ་བཞེས་ཡོད། ༸གོང་ས་མཆོག་གིས་ཞལ་སྔ་ནས་གཞུང་གི་ངོས་ནས་མི་མང་ཉམ་ཆུང་དེ་དག་ལ་བདག་པོ་བརྒྱབ་མ་ཐུབ་ན་གཞུང་ཡོད་མེད་ཁྱད་པར་མི་འདུག་བཅས་བཀའ་སློབ་སྩལ་བ་དེ་དག་སྙིང་ལ་བཅངས་ནས་མ་འོངས་པར་ང་ཚོས་གཟབ་གཟབ་བྱེད་དགོས་ཞེས་སོགས་གསུངས།།