༢༠༡༦ ཟླ་ ༥ ཚེས་ ༡༨ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས ༡༨ ཉིན་འཛམ་གླིང་ཁྱོན་ཡོངས་ནང་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཐེངས་ ༣༩ སྲུང་བརྩི་ཞུ་སྐབས་དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་གསུང་བཤད་གནང་དོན། དེ་རིང་འདིར་ཕྱི་དྲིལ་ཁྱབ་ཁོངས་བོད་ཀྱི་འགྲེམས་སྟོན་ཁང་ནས་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་སྲུང་བརྩི་ཞུས་པའི་སྐབས་ཀྱི་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། ཕྱི་འབྲེལ་དྲུང་ཆེ་དང་དྲུང་འཕར། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འགན་འཛིན་དང་ལས་བྱེད་རྣམ་པ། གཞན་ཡང་ས་གནས་ཉེ་འཁོར་གྱི་སློབ་གྲྭ་ཁག་གི་དགེ་རྒན་རྣམ་པ་དང་སློབ་ཕྲུག་བཅས་ལ་དེ་རིང་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གི་མཛད་རིམ་ཐོག་ཕེབས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་བཞིན་དེ་རིང་གི་འགྲེམས་སྟོན་ཉིན་མོ་འདིའི་ཐོག་མཉམ་ཞུགས་གནང་བར་དགའ་ཚོར་ཆེན་པོའི་ངང་བསྔགས་བརྗོད་ཞུ་རྒྱུ་ཡིན།
རྩ་བའི་བོད་ཀྱི་འགྲེམས་སྟོན་ཁང་གི་ངོ་བོ་དང་ལས་རིམ་ཁག་གོང་དུ་འགྲེམས་སྟོན་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ཀྱིས་ཞིབ་ཕྲ་ངོ་སྤྲོད་གནང་ཟིན་པ་དེ་ག་རང་རེད། འོན་ཀྱང་ཐང་ཙམ་ང་ཚོས་དགོངས་པ་བཞེས་རྒྱུར་བོད་ཀྱི་འགྲེམས་སྟོན་ཁང་ཞུ་རྒྱུ་འདི་གསར་དུ་འཛུགས་སྐབས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་། དེ་བཞིན་བོད་མིའི་བསམ་བློའི་ནང་རྒྱལ་སྤྱི་དང་མི་རིགས་བསྡུ་རུབ་བྱས་པའི་སྤྱི་ཚོགས་གང་དུ་ཡིན་རུང་སོ་སོའི་རྒྱལ་རབས་ལོ་རྒྱུས་དང་། ཉམས་མྱོང་སྐྱིད་སྡུག་ཇི་འདྲ་ཞིག་ཡིན་ཡང་ཕྱོགས་བསྡུས་ཀྱིས་ས་གནས་གཅིག་ལ་འགྲེམས་སྟོན་བྱེད་རྒྱུའི་གོམས་གཤིས་ཡོད་པ་དེ་དག་ང་ཚོ་བོད་པའི་བསམ་བློའི་ནང་མི་རྟག་པའི་ཚོར་བའི་རྣམ་པའི་ཐོག་ནས་གནས་ཚུལ་མང་པོ་ཞིག་སེམས་ནང་ཉར་རྒྱུ་དང་། དེ་བཞིན་སྐྱིད་སྡུག་ཉམས་མྱོང་བསྡུ་རུབ་བྱས་ནས་དྲན་རྟེན་བྱེད་རྒྱུར་བོད་པའི་སྤྱི་ཚོགས་ནང་གོམས་གཤིས་མེད་པའི་བརྒྱུད་རིམ་ཐོག་བོད་མིའི་སྒྲིག་འཛུགས་ངོས་ནས་དེ་དག་རྒྱལ་སྤྱིའི་ཐོག་དེ་མིན་པའི་ཐོག་ནས་ང་རང་ཚོར་སྐྱིད་སྡུག་གང་འདྲ་ཞིག་ཡིན་ནའང་ངེས་པར་དུ་ས་ཆ་གཅིག་ལ་རུབ་རུབ་དང་བསྡུ་གསོག་བརྒྱབ། ས་ཆ་གཅིག་ནས་འགྲེམས་སྟོན་བྱེད་རྒྱུར་གལ་ཆེན་པོ་འདུག ཅེས་ང་ཚོའི་སྤྱི་ཚོགས་ཀྱི་བསམ་བློ་གཏོང་རྒྱུ་ཞིག་ལ་བསྒྱུར་བ་ཆེན་པོ་ཞིག་བཏང་ནས་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་འདི་བཙུགས་པ་རེད།
གཉིས་པ་ནི། ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གི་གལ་ཆེའི་དམིགས་ཡུལ་གཙོ་བོ་ནི། ང་ཚོ་བོད་ཀྱི་གནད་དོན་ད་ལྟ་ཉག་ཕྲ་བ་འདི་ལས་ཐར་ཐབས་ཀྱི་ཆེད་དུ་བོད་མི་ཚོ་སྐྱིད་སྡུག་གང་འདྲ་ཞིག་མྱོང་བཞིན་ཡོད་ཀྱང་རྒྱལ་སྤྱིའི་ཐོག་ངོ་སྤྲོད་དང་། དེའི་ཐོག་ནས་བོད་ཀྱི་རྒྱལ་རབས་ཡིན་ནའང་རེད། མི་རིགས་ཀྱི་ཐུན་མིན་ངོ་བོ་ཡིན་ནའང་རེད། དེ་བཞིན་མ་འོངས་འཆར་འདུན་ཇི་འདྲ་ཞིག་ཡོད་པ་དེ་དག་གསལ་པོ་ཞིག་བསྟི་གནས་གཅིག་གི་ནང་ནས་སྟོན་ཐུབ་རྒྱུ་བཟོ་ཐུབ་པ་ཡིན་ན། ཁ་མ་ཐོར་བར་གནད་ལ་འཁེལ་བའི་ཐོག་ནས་རྒྱལ་སྤྱིའི་ཐོག་ངོ་སྤྲོད་བྱེད་ཐུབ་རྒྱུ་རེད།
གསུམ་པ་ནི། ང་ཚོ་བོད་མི་མི་རབས་བརྗེ་བཞིན་ཡོད། རྒྱལ་རབས་ལོ་རྒྱུས་ཡིན་ནའང་གཅིག་གིས་གཅིག་ལ་ངག་རྒྱུན་གྱི་ལམ་དང་། དེབ་སོགས་ཀྱི་བརྒྱུད་ནས་ངོ་སྤྲོད་མེད་ནའང་རེད། འགྲེམས་སྟོན་དང་པར་རིགས་ཀྱི་ལམ་ནས་ངོ་སྤྲོད་མེད་པ་ཡིན་ན། མི་རབས་ནས་མི་རབས་བརྒྱུད་ནས་རྩིས་སྤྲོད་ཐུབ་ཐབས་མེད་པར་བརྟེན། དེ་རྩིས་སྤྲོད་ཐུབ་ཐབས་སུ་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་འདི་ཡིན་ནའང་བོད་མིའི་མྱོང་ཚོར་ཆ་ཚང་བསྡུ་རུབ་བྱེད་སའི་བང་མཛོད་ལྟ་བུའི་ཐོག་ནས་ད་བར་ལས་རིམ་མང་པོའི་ཐོག་པར་རིགས་དང་། ངག་རྒྱུན། བོད་ཀྱི་རྒྱལ་རབས་ཀྱི་དཔེ་དེབ། བོད་ནང་བཙོན་པ་ཁག་གི་གདུག་སྦྱོང་མྱངས་བའི་གྱོན་ཆས་ཡིན་ནའང་རེད། དེ་བཞིན་བོད་སྔ་མོའི་དངུལ་སོགས་འགྲེམས་སྟོན་བྱས་དུས་མ་འོངས་བོད་རིགས་ཚོས་བོད་ཀྱི་སྔ་མོའི་གནས་སྟངས་མིག་མཐོང་ལག་ཟིན་ཡོང་རྒྱུའི་ཆེད་དུ་ངོ་སྤྲོད་བྱེད་རྒྱུའི་དམིགས་ཡུལ་རེད། རྨང་གཞི་དམིགས་ཡུལ་དེ་དག་བསྒྲུབ་པའི་རྗེས་སུ་བོད་པའི་སྤྱི་ཚོགས་ནང་བོད་ཀྱི་གནད་དོན་ངོ་སྤྲོད་བྱེད་རྒྱུ་དང་། རིམ་པས་རྒྱལ་སྤྱིའི་ཐོག་ངོ་སྤྲོད་བྱེད་རྒྱུ། དེ་ནས་རིམ་བཞིན་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་འདི་ཉིད་རྒྱལ་སྤྱིའི་འདེང་ཚོད་དང་ལྡན་པའི་སྡིངས་ཆའི་སྟེང་མཉམ་ཞུགས་བྱེད་རྒྱུའི་དམིགས་ཡུལ་འཛིན་ནས་ད་ཆ་གོང་དུ་ངོ་སྤྲོད་ཞུས་པ་གཞིར་བཟུང་སྔོན་མ་ཉམ་ཆུང་ཞིག་གི་ཐོག་ནས་འགོ་བཙུགས་ཏེ་ད་ལྟ་ང་ཚོ་འགྲེམས་སྟོན་ཁང་འདིའི་རྒྱུ་ཆ་ཡོངས་རྫོགས་དཔལ་ལྡན་བཀའ་ཤག་ནས་དགོངས་པ་ཆེ་བཞེས་རེད། དེ་བཞིན་འབྲེལ་ཡོད་ལས་བྱེད་རྣམ་པས་ཧུར་སྐྱེད་ཆེན་པོའི་ཐོག་ནས་དཔལ་འབྱོར་བསྡུ་འགོད་བྱས་པ་སོགས་གང་ཅིའི་ཐད་ནས་དེང་དུས་འགྲེམས་སྟོན་ཁང་གི་སྤུས་ཚད་དང་མཉམ་པ་བཟོ་ཐུབ་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་།།