༢༠༡༦ ཟླ་ ༥ ཚེས་ ༦ རེས་གཟའ་པ་སངས།
༄༅། །འདི་གར་ཨུ་རུ་སུའི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་ཨུ་རུ་སུར་རྟེན་གཞི་བྱས་པའི་རྒྱ་གར་གཞུང་ཚབ་ཁང་དུ་གཞུང་ཚབ་གསར་པ་སྐུ་ཞབས་པངྐ་ཇི་སརན་ Mr. Pankaj Saran མཆོག་མཇལ་འཕྲད་ཀྱིས་འཚམས་འདྲི་ཞུས་འདུག སྐབས་དེར་ཏེ་ལོ་རིན་པོ་ཆེ་མཆོག་གིས་རུ་སོག་བོད་ཀྱི་སྐུ་ཚབ་དོན་གཅོད་ཐོག་མར་འཛུགས་སྟངས་དང་། དོན་ཁང་གི་ལས་དོན་གཙོ་ཁག་རྣམས་ངོ་སྤྲོད་ཞུས་འདུག ཕྱོགས་མཚུངས་རིན་པོ་ཆེ་མཆོག་གིས་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་གཏོགས་པའི་ནང་པའི་ཡུལ་གྲུ་ཁག་དང་བོད་དབར་ལོ་རྒྱུས་ཐོག་ཆོས་དང་རིག་གཞུང་སོགས་ཀྱི་འབྲེལ་ལམ་ཇི་ལྟར་བྱུང་ཡོད་པ་དང་། དེང་སྐབས་རྒྱ་གར་ལྷོ་ཕྱོགས་གཙོ་བོར་གྱུར་བའི་རྒྱ་གར་ནང་གི་བོད་མིའི་ཤེས་ཡོན་བསྟི་གནས་ཁང་དུ་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་པའི་ཡུལ་གྲུ་ཐུ་ཝ་དང་བྷུ་རི་ཡ་ཏི། ཁལ་མུག་སོགས་ནས་སློབ་ཕྲུག་ཁག་གཅིག་བོད་པའི་ཆོས་དང་རིག་གཞུང་ཐོག་སློབ་གཉེར་གནང་བཞིན་ཡོད་སྐོར་འགྲེལ་བརྗོད་ཞུ་སྐབས་གཞུང་ཚབ་གསར་པ་མཆོག་གིས་དོ་སྣང་ཆེན་པོས་གསན་འཇོག་གནང་འདུག
ཕྱོགས་མཚུངས་སྐབས་དེར་གཞུང་ཚབ་པ་མཆོག་ནས་ཀྱང་གསུང་དོན། ད་ལྟའི་རྒྱ་གར་གཞུང་གིས་ནང་ཆོས་ནི་རྒྱ་གར་གནའ་རབས་ཀྱི་རིག་གནས་ངོ་བོའི་ཐོག་ནས་རྒྱལ་སྤྱིའི་སྟེང་གོང་སྤེལ་གཏོང་ཐབས་གནང་བཞིན་ཡོད་པ་མ་ཟད། ཤེས་ཡོན་དང་རིག་གཞུང་། ཡུལ་སྐོར་སྤྲོ་འཆམ་སོགས་བརྒྱུད་ལམ་ཇི་འདྲ་ཞིག་གི་ལམ་ནས་རྒྱ་གར་ནང་ཉམས་གསོག་ཆེད་ཕེབས་འདོད་ཡོད་ཚེ། རྒྱ་གར་གཞུང་གིས་དགའ་བསུ་ཞུ་རྒྱུ་རེད། བོད་ཀྱི་དོན་ཁང་འདི་ལྟ་བུ་ཞིག་རུ་སུར་འཛུགས་ཐུབ་པར་ང་ཚོས་བཀའ་དྲིན་ཆེ་ཞུ་རྒྱུ་མ་ཟད། ༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་ང་ཚོས་གུས་བརྩི་ཧ་ཅང་ཞུ་བཞིན་ཡོད་པ་དང་ཁོང་བོད་དུ་ཕྱིར་༸ཞབས་སོར་འཁོད་གནང་མ་མཛད་བར་དུ་རྒྱ་གར་གྱི་སྐུ་མགྲོན་ཡིན། ཞེས་གསུངས་འདུག
སྐབས་དེར་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་རྒྱ་གར་གཞུང་གིས་ད་བར་བོད་མི་རྣམས་ལ་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུས་པ་དང་ཆབས་ཅིག རྒྱ་གར་ནང་སློབ་གཉེར་གནང་བཞིན་པའི་ཨུ་རུ་སུའི་སློབ་ཕྲུག་སྐོར་དང་། འབྱུང་འགྱུར་ཨུ་རུ་སུ་དང་། རྒྱ་གར། བོད་བཅས་ཀྱི་དབར་ཤེས་ཡོན་དང་དཔལ་འབྱོར། རིག་གཞུང་གི་འབྲེལ་ལམ་སླར་གསོའི་ཆེད་ནང་ཆོས་ལ་མུ་མཐུད་སློབ་སྦྱོང་བྱེད་དགོས་པ་གལ་ཆེ་ཡིན་སྐོར་ཞུས་འདུག
སྤྱིར་ད་ལྟའི་ཆར་ཝར་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་སོག་པོའི་སློབ་ཕྲུག་གྲངས་ ༡༢ དང་། རྡ་ས་བོད་ཀྱི་དཔེ་མཛོད་ཁང་ནང་སློབ་ཕྲུག་གྲངས་ ༤༩ འབྲས་སྤུངས་སྒོ་མང་གྲྭ་ཚང་ནང་སློབ་གཉེར་བ་གྲངས་ ༧༡ བོད་ཀྱི་སྨན་རྩིས་ཁང་ནང་སློབ་ཕྲུག་གྲངས་ ༡ དེ་བཞིན་སློབ་ཕྲུག་མང་དག་ཅིག་བོད་ཀྱི་རིག་གཞུང་ཐོག་ཉམས་ཞིབ་བྱེད་བཞིན་པ་མ་ཟད། ཁག་གཅིག་སློབ་གཉེར་ཁང་འདྲ་མིན་ནང་ཚུད་རྒྱུགས་འཕྲོད་ཆེད་ངང་སྒུག་བྱས་ནས་བསྡད་ཡོད་སྐོར་སོགས་ཞུས་འདུག་པ་བཅས།།