༢༠༡༦ ཟླ་ ༥ ཚེས་ ༡༣ རེས་གཟའ་པ་སངས།
༄༅། །རྒྱ་ནག་གཞུང་གིས་འཇར་མན་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མེ་ཤལ་བྷ་རན་ཌི་ Michael Brand མཆོག་ལ་བོད་ནང་དུ་སྐོར་སྐྱོད་ཆེད་མཐོང་མཆན་ཕུལ་མེད། དེ་ནི་ཁོང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྒྱ་ནག་གཞུང་གིས་རྩིས་མེད་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་བྱས་པར་བརྟེན་ནས་མཐོང་མཆན་མ་ཕུལ་བ་ཡིན་འདུག སྤྱིར་སྐུ་ཞབས་མེ་ཤལ་བྷ་རན་ཌི་མཆོག་གིས་སྣེ་ཁྲིད་པའི་འཇར་མན་གྲོས་ཚོགས་འཐུས་མི་ཁག་གཅིག་ཟླ་འདིའི་མཇུག་ཏུ་བོད་ནང་སྐོར་སྐྱོད་དུ་ཕེབས་འཆར་ཡོད་འདུག་ཀྱང་། རྒྱ་གཞུང་གིས་ཁོང་མ་གཏོགས་གཞན་རྣམས་བོད་ནང་དུ་ཕེབས་འཇུག་རྒྱུའི་ཁས་ལེན་བྱས་འདུག
སྐུ་ཞབས་མེ་ཤལ་བྷ་རན་ཌི་མཆོག་གིས་གནད་དོན་དེའི་སྐོར་གསུང་དོན། རྒྱ་ནག་གཞུང་ཚབ་ཁང་གིས་ངས་དྲ་རྒྱའི་སྟེང་བོད་ནང་གི་གནས་ཚུལ་སྐོར་ཆེད་རྩོམ་དང་མཆན་འགྲེལ་རྣམས་ཕྱིར་བསྡུ་བྱེད་དགོས་སྐོར་བཙན་བཀའ་ཡང་ཡང་བཏང་བྱུང་། བྱེད་སྟངས་དེ་ནི་བཅོལ་ཆུང་གི་བྱེད་སྟངས་ཤིག་ཡིན། རང་གིས་རང་ལ་དམ་བསྒྲགས་བྱེད་རྒྱུ་ཟེར་བ་ནི་རྩ་བ་ནས་ཡོང་ཐབས་མེད། ཅེས་གསུངས་པ་མ་ཟད། མཐོང་མཆན་མ་སྤྲད་པ་དང་ལྐོག་ཏུ་གཡོ་སྒྱུའི་ལམ་ནས་འགུག་ཐབས་བྱས་པའི་སྤྱོད་ཚུལ་དེས་རྒྱ་ནག་གཞུང་ལ་གདེང་སྤོབས་མེད་པའི་རྟགས་མཚན་གསལ་པོ་མཚོན་ཐུབ། ཅེས་གསུངས་པ་མ་ཟད། འཇར་མན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སྐུ་ཞབས་ཀཱ་ཧེ་མུ་ལར་ Kai Mueller ལགས་ཀྱིས་གསུང་དོན། གཡོ་སྒྱུའི་ལམ་ནས་འགུག་ཐབས་བྱས་པ་དང་སྡིགས་སྐུལ་བཏང་བ་སོགས་ཀྱི་བྱ་སྤྱོད་དེ་རིགས་ལ་ངོས་ལེན་ནམ་ཡང་བྱེད་ཐབས་མེད། བྱ་སྤྱོད་དེ་དག་ནི་པེ་ཅིང་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་འགག་བྱ་བྱེད་མཁན་ཚོ་ཁ་འགོག་ཐབས་ཆེད་རེད། ཐེངས་འདིར་ཁོང་ལ་མཐོང་མཆན་མ་ཕུལ་བ་དེ་ནི་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ལྷག་བསམ་རྣམ་དག་ཐོག་ནས་གྲོས་མོལ་བྱ་རྒྱུའི་རྣམ་འགྱུར་བསྟན་པ་དེར་དོན་དངོས་ལག་བསྟར་བྱ་རྒྱུའི་ཆོད་སེམས་མེད་པའི་རྣམ་པ་གསལ་འདོན་བྱས་ཡོད། ཅེས་གསུངས།
གཞན་ཡང་འཇར་མན་གྲོས་ཚོགས་འཐུས་མི་རྣམས་ཀྱིས་ཡུལ་དེའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ཕེ་རེངྐ་ཝལ་ཊར་སི་ཊེན་མེར་ Frank-Walter Steinmeier མཆོག་ལ། ཐེངས་འདིར་འཇར་མན་དུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་པས་འཇར་མན་གྲོས་ཚོགས་འཐུས་མིར་མཐོང་མཆན་འབུལ་ལམ་མ་ཞུས་པའི་བྱ་སྤྱོད་དེར་ཡར་ལན་ཞིག་སྤྲོད་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་གནང་འདུག ཕྱོགས་མཚུངས་འཇར་མན་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མེ་ཤལ་བྷ་རན་ཌི་མཆོག་གིས་མུ་མཐུད་གསུང་དོན། འཇར་མན་གྲོས་ཚོགས་ཀྱི་དཔལ་འབྱོར་ཚོང་དོན་སྒྲིག་འཛུགས་ཀྱི་འཐུས་མི་རྣམས་ལ་རྒྱ་ནག་གཞུང་གིས་མཐོང་མཆན་འབུལ་རྒྱུར་དཀའ་ངལ་གང་ཡང་འཕྲད་ཀྱི་མེད། འོན་ཀྱང་ང་ཚོར་དུས་རྟག་ཏུ་རྒྱ་ནག་གཞུང་གིས་མཐོང་མཆན་སྤྲོད་རྒྱུར་དགག་བྱ་བྱེད་བཞིན་ཡོད། ང་ཚོའི་སྒྲིག་འཛུགས་ངོས་ནས་ལོ་མང་རིང་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་རྟོག་ཞིབ་སླད་མཐོང་མཆན་ཞུས་ཀྱང་རྒྱ་ནག་གཞུང་གིས་ངོས་ལེན་རྩ་བ་ནས་བྱེད་ཀྱི་མེད། འགྲོ་བ་མིའི་ཐོབ་ཐང་ཟེར་བ་དེ་རྒྱ་ནག་སྒེར་གྱི་གནད་དོན་ཞིག་མ་རེད། དེར་བརྟེན་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་དགོས་པའི་གནས་སྟངས་ཐོག་འགོར་འགྱངས་བྱས་ན་འགྲིག་ཐབས་རྩ་བ་ནས་མེད། ཅེས་གསུངས།
སྤྱིར་འདི་ལོའི་ཕྱི་ཟླ་ ༦ ཚེས་ ༡༣ ཉིན་འཇར་རྒྱ་ཡུལ་གཉིས་གྲོས་མོལ་ལྷན་ཚོགས་འཚོགས་རྒྱུ་ཡིན་སྟབས། སྐབས་དེར་འཇར་མན་གཞུང་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་བ་རྣམས་གསལ་འདོན་གྱིས་རྒྱལ་ཁབ་གཞན་ལ་མིག་དཔེ་འོས་པ་ཞིག་འཇར་མན་སྲིད་གཞུང་གིས་གནང་རྒྱུའི་རེ་བ་ཡོད་སྐོར་སྐུ་ཞབས་མེ་ཤལ་བྷ་རན་ཌི་མཆོག་གིས་གསུངས།།