༢༠༡༦ ཟླ་ ༥ ཚེས་ ༦ རེས་གཟའ་པ་སངས།
༄༅། །བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱིས་ ༢༠༡༤ ལོ་ནས་བཟུང་ཧུན་སུར་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་གི་གངས་ཅན་རིག་གནས་སློབ་གྲྭ་དང་ཟུང་འབྲེལ་དེང་རབས་མཐོ་སློབ་ཐོན་པའི་བོད་རིགས་སློབ་ཕྲུག་བཅུ་ཕྲག་གཉིས་ཙམ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་དགོངས་གཞིར་བཟུང་ནང་དོན་རིག་པའི་ངོ་སྤྲོད་དང་། ཕྱོགས་མཚུངས་བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་སོགས་ལ་དམིགས་ཏེ་༼བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་ཟབ་ཁྲིད་༽ཅེས་ཟླ་བ་དྲུག་རིང་སྐད་ཡིག་དང་། རིགས་ལམ་མམ་མཚན་ཉིད་དང་། གཞུང་ཆེན་བཀའ་པོད་ལྔའི་སྙིང་བསྡུས་བཅས་པ་ངོ་སྤྲོད་སློབ་ཁྲིད་བྱས་པའི་ལས་རིམ་ཞིག་ལག་བསྟར་བགྱིད་མུས་བཞིན། ལོ་འདིར་སྙན་ཞུ་འབྱོར་སྔ་རིམ་ལ་གཞིགས་ནས་མཐོ་སློབ་སློབ་ཕྲུག་ཉེར་ལྔ་ (༢༥) བསྡུ་བསྐོང་གིས་ཕྱི་ཟླ་ ༧ ཚེས་ ༡ ནས་ཕྱི་ཟླ་ ༡༢ ཚེས་ ༣༡ བར་ཟླ་དྲུག་ཟབ་ཁྲིད་ཐེངས་གསུམ་པ་གོ་སྒྲིག་གནང་གཏན་འཁེལ་མོད། གལ་ཏེ་མཐོ་སློབ་ཐོན་པ་རྣམས་ཀྱི་སྙན་ཞུ་མ་འབྱོར་བའམ་ས་མིག་སྟོང་པ་ལྷགས་ཚེ་འཛིན་རིམ་བཅུ་གཉིས་ཐོན་པའམ། ནང་དོན་རིག་པ་དང་བོད་ཀྱི་སྐད་ཡིག་སྦྱང་འདུན་ཡོད་པ་གཞན་ལ་གོ་སྐབས་གནང་རྒྱུ་ལགས། འོན་ཀྱང་འཛུལ་ཞུགས་གནང་མཁན་ཁྱོན་མི་གྲངས་བཅོ་ལྔ་(༡༥)མ་བྱུང་ཚེ་ལས་རིམ་འདི་ཉིད་ལོ་འདིར་ལག་བསྟར་བྱ་རྒྱུ་མིན། དེས་ན་གཤམ་གསལ་ཆ་རྐྱེན་སོགས་ཀྱི་དོན་ཚན་ཁག་ལ་ཐུགས་ཞིབ་ཀྱིས་འཛུལ་ཞུགས་གནང་འདུན་ཡོད་པ་རྣམས་ནས་ཕྱི་ཟླ་ ༦ ཚེས་ ༡༥ ནང་ཚུད་འདི་ག་ལས་ཁུངས་སུ་སྙན་ཞུ་གནང་འབྱོར་དགོས་པ་དེ་དོན་དགོངས་འཇགས་ཞུ།
ཀ༽ འཛུལ་ཞུགས་པའི་ཆ་རྐྱེན་ནི།
1. གཙོ་བོར་མཐོ་རིམ་སློབ་གྲྭ་ཐོན་པ། དེ་ལྟར་མ་བྱུང་ཚེ་འཛིན་རིམ་བཅུ་གཉིས་ཐོན་པའམ། ནང་དོན་རིག་པ་དང་བོད་ཀྱི་སྐད་ཡིག་སྦྱང་འདུན་ཡོད་པ།
2. བོད་ཡིག་གི་ཤེས་ཚད་འགྲིག་ངེས་ཡོད་པ།
3. རང་ལོ་ ༤༥ མ་བརྒལ་བ།
4. ལས་རིམ་འདིའི་ཁོངས་སུ་འཛུལ་ཞུགས་ཀྱིས་སློབ་དུས་མ་རྫོགས་བར་དུ་མཉམ་ཞུགས་བྱ་རྒྱུའི་ཆོད་སེམས་གཏན་པོ་ཡོད་པ་བཅས།
ཁ༽ སློབ་གཉེར་བའི་ས་མིག
1. གོང་གསལ་ལྟར་ཐོག་མར་མཐོ་སློབ་ཐོན་པའི་སློབ་གཉེར་བ་ཉེར་ལྔ་(༢༥)ལ་གོ་སྐབས་སྤྲོད་རྒྱུ།
2. གལ་སྲིད་ས་མིག་སྟོང་པ་ལྷགས་ཚེ་འཛིན་རིམ་བཅུ་གཉིས་ཐོན་པའམ་ཞུགས་འདུན་ཅན་གཞན་ལ་གོ་སྐབས་སྤྲོད་རྒྱུ།
3. འོན་ཀྱང་འཛུལ་ཞུགས་གནང་མཁན་བཅོ་ལྔ་(༡༥)ལས་ཉུང་བ་བྱུང་ཚེ་ལས་རིམ་འདི་ཉིད་ལོ་འདིར་ལག་བསྟར་བྱ་རྒྱུ་མིན་པ་བཅས།
ག༽ ལམ་གྲོན་སོགས་ཀྱི་ཆ་རྐྱེན།
1. བདམས་ཐོན་བྱུང་བའི་སློབ་གཉེར་བ་ཉེར་ལྔ་(༢༥)ལ་ཆོས་རིག་ལས་ཁུངས་ནས་གཤམ་གསལ་ཆ་རྐྱེན་དགོངས་དོན་སོ་སོ་གནས་ཡུལ་ནས་ཧུན་སུར་གངས་ཅན་རིག་གནས་སློབ་གྲྭ་དབར་གྱི་ལམ་གྲོན་གནང་རྒྱུ། ༼ལམ་གྲོན་མཐུན་རྐྱེན་ནི། མེ་འཁོར་རིམ་པ་གཉིས་པ། (2nd Class Train) སྤྱི་སྤྲོད་རླང་འཁོར་དྲག་པ། (Deluxe Bus) འཁོར་ལོ་གསུམ་ཅན་སྤྱི་འཁོར། (Auto rickshaw) ལམ་བར་ལྟ་དོད་ཉིན་རེ་ཧིན་སྒོར་ ༢༥༠ བཅས་འབུལ་རྒྱུ། འོན་ཀྱང་ལམ་གྲོན་དེ་ཉིད་མེ་འཁོར་དང་རླང་འཁོར་གྱི་ལག་འཛིན་གཞིར་བཞག་གནང་རྒྱུར་བརྟེན་དེ་དག་ངེས་པར་ཉར་ཚགས་གནང་དགོས།༽
2. སློབ་གཉེར་གནང་ཡུན་རིང་དུ་སློབ་གཉེར་བ་སོ་སོའི་ཟླ་བ་དྲུག་རིང་གི་སློབ་ཡོན་དོད་ཆོས་རིག་ལས་ཁུངས་ནས་གངས་ཅན་རིག་གནས་སློབ་གྲྭར་གནང་རྒྱུ།
3. བཞུགས་ཁང་གི་མཐུན་རྐྱེན་གངས་ཅན་རིག་གནས་སློབ་གྲྭས་རིན་མེད་ཐོག་སྦྱོར་རྒྱུ་བཅས།
ང༽ སྙན་ཞུ་འབྱོར་ཚེས་མཐའ་མ་དང་། དགོས་ངེས་ཡིག་ཆ།
1. གོང་གསལ་ལྟར་སྙན་ཞུ་འབྱོར་ཚེས་མཐའ་མ་ ༢༠༡༦ ཟླ་ ༦ ཚེས་ ༡༥ ཡིན། དེའི་རྗེས་སུ་འབྱོར་བའི་སྙན་ཞུ་རིགས་ལ་ངོས་ལེན་བྱ་རྒྱུ་མིན།
2. སྙན་ཞུ་མཉམ་དུ་མཐོ་རིམ་སློབ་གྲྭ་ཐོན་པའི་ལག་ཁྱེར་དང་། ཕྱི་ལོ་ ༢༠༡༦ ཟླ་ ༣ བར་དུ་འབུལ་འབབ་གཙང་བའི་དྭང་བླང་དཔྱ་ཁྲལ་ལག་དེབ། དེ་བཞིན་རྒྱ་གར་གནས་སྡོད་ཆོག་པའི་ཨར་སིའི་(RC) ངོ་བཤུས་བཅས་མཉམ་སྦྱར་དགོས།
3. སྙན་ཞུ་ནང་དུ་སོ་སོར་འབྲེལ་བ་བྱ་ཡུལ་གློག་འཕྲིན་ཁ་བྱང་དང་ཁ་པར་ཨང་གྲངས་ངེས་པར་ཁ་གསལ་བཀོད་དགོས།
4. གློག་འཕྲིན་བརྒྱུད་ནས་བསྐུར་བའི་སྙན་ཞུ་ལའང་ངོས་ལེན་བྱ་རྒྱུའང་དགོས་ངེས་ཡིག་ཆ་ཁག་ངེས་པར་མཉམ་དུ་བསྐུར་དགོས་པ་བཅས།
ཅ༽ ལས་ཁུངས་ཀྱི་ཁ་བྱང་།
The Secretary
Department of Religion and Culture, CTA
P. O. Dharamsala – 176215
District Kangra, H. P.
Email: [email protected]
བཅས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༦ ལ།། །།