༢༠༡༦ ཟླ་ ༥ ཚེས་ ༡༡ རེས་གཟའ་ལྷག་པ།
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༣ ཉིན་བོད་ནང་གི་ཉིན་གུང་ཙམ་ལ་རྔ་པ་བོད་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང༌། ཨ་སྐྱིད་སེ་ར་དགོན་པའི་གླིང་སྐོར་དུ་བསོད་ནམས་འཚོ་ལགས་ཀྱིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་སྟེ་ཉིན་དེར་འདས་གྲོངས་སུ་གྱུར་ཡོད་འདུག
བསོད་ནམས་འཚོ་ལགས་ནི་རང་ལོ་ ༥༠ ཙམ་ཡིན་འདུག་པ་དང༌། ཁོ་མོ་རྔ་པ་བོད་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་ཨ་སྐྱིད་མདོ་ཚ་སྡེ་པ་ནས་ཡིན་འདུག་ཅིང་། ཁོ་མོའི་བཟའ་ཟླའི་མིང་ལ་སྐལ་བཟང་རྒྱ་མཚོ་དང་། ཁོང་གཉིས་ལ་བུ་གཉིས་དང་བུ་མོ་གསུམ་ཡོད་འདུག བསོད་ནམས་འཚོ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་དེ་ད་བར་ཕྱི་ཕྱོགས་སུ་ཐོན་མ་ཐུབ་པའི་རྒྱུ་མཚན་ནི། ཁོ་མོས་རང་ལུས་མེར་སྲེག་བཏང་རྗེས་རྒྱ་གཞུང་ནས་ཁོ་མོའི་ཁྱིམ་ཚང་དང་སྡེ་པའི་ནང་སོ་ལྟ་བྱེད་མཁན་མི་སྣ་གསར་འཛུགས་བྱས་པ་མ་ཟད། གལ་ཏེ་དེའི་སྐོར་གྱི་གནས་ཚུལ་ཕྱི་ཕྱོགས་སུ་གྱར་ཚེ་སྲིད་གཞུང་ནས་སྐྱོབ་གསོའི་རིགས་བཀག་འགོག་བྱ་རྒྱུ་ཡིན་པ་སོགས་ཕྱོགས་གང་ས་ནས་དམ་བསྒྲགས་ཤུགས་ཆེ་བྱས་པ་ལས་བརྟེན་ནས་བྱུང་བ་ཞིག་ཡིན་འདུག །