༢༠༡༦ ཟླ་ ༥ ཚེས་ ༡༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༡༦ ཉིན་དབུས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་གོ་སྒྲིག་འོག རྡ་ས་དབུས་སྣེ་ལེན་འབྲེལ་མཐུད་ཁང་གི་ཚོགས་ཁང་དུ་མི་མང་གི་འཕྲོད་བསྟེན་ཞབས་ཞུ་སྤྱི་དང་། ལྷག་པར་ནད་རིགས་སྔོན་འགོག་གི་ལས་དོན་སྔར་ལྷག་ཚགས་ཚུད་ཡོང་ཐབས། དེ་བཞིན་སྨན་ཁང་གི་འཛིན་སྐྱོང་ཡར་རྒྱས་གཏོང་རྒྱུ་བཅས་ཀྱི་ཆེད་དམིགས་བསལ་ཚོགས་ཆེན་དབུ་འབྱེད་ཀྱི་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུང་བཤད་གནང་དོན། ང་ཚོའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་དང་སྦྲགས། སྐྱབས་གནས་དགེ་འདུན་གྱི་སྡེ། འཕྲོད་བསྟེན་ལས་ཁུངས་ཀྱི་བཀའ་བློན་མཆོག་གིས་དབུས་པའི་དྲུང་ཚབ་དང་ལས་བྱེད་རྣམ་པ། སྨན་རྩིས་ཁང་གི་འགན་འཛིན་དང་སྐུ་བཅར་སྨན་རམས་པ་རྟ་མགྲིན་ལགས་ཀྱིས་གཙོས་སྨན་པ་རྣམ་པ། བདེ་ལེགས་སྨན་ཁང་གི་འགན་འཛིན། དེ་བཞིན་ས་གནས་ཁག་མང་པོ་ཞིག་ནས་དེ་རིང་འདིར་ཆེད་དུ་མངགས་ནས་ཕེབས་པའི་སྲི་ཞུ་བ་རྣམ་པ་བཅས་ཚང་མར་ཐོག་མར་ངོས་ཀྱིས་བཀའ་ཤག་གི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དུས་ཚོད་འཐུང་ངུ་ཞིག་གི་ནང་ལ་རྣམ་པ་ཚང་མས་དཀའ་ངལ་ལ་མ་འཛེམས་པར་རྡ་རམ་ས་ལར་ཆེད་དུ་མངགས་ནས་འདིར་ཕེབས་པ་རེད། ཐོག་མའི་འཆར་འཕྲོད་བསྟེན་ལས་ཁུངས་ནས་ཚོགས་འདུ་འདིར་ཕེབས་མཁན་མི་གྲངས་ལྔ་བཅུའམ་དྲུག་ཅུ་ཞིག་ཡོད་སྐོར་བཤད་ཀྱི་འདུག ཡིན་ནའང་བཀའ་ཤག་གིས་འདིའི་ཐོག་ལ་གལ་ཆེན་པོ་བརྩིས་ནས་ཚོགས་བཅར་བ་གང་མང་ཕེབས་ཐུབ་ན་ཡག་པོ་ཡོད་རེད་ཅེས་ཞུས་པ་ཡིན། གང་ཡིན་བརྗོད་ན་འཕྲོད་བསྟེན་དང་།
དེ་བཞིན་དམིགས་བསལ་སྔོན་འགོག་དང་འབྲེལ་བའི་ཐོག་ནས་འབྲེལ་བ་ཡོད་པའི་སློབ་གྲྭ་དང་དགོན་པ། གཞིས་ཆགས་བཅས་ཚང་མར་འབྲེལ་བ་ཡོད་སྟབས། ཚོགས་བཅར་བ་ཇི་ཙམ་མང་བ་ཕེབས་པ་ཡིན་ན། གོ་རྟོགས་སྤེལ་རྒྱུ་དང་ནུས་པ་འདོན་རྒྱུར་ཏན་ཏན་ཕན་ཐོགས་ཡོང་ངེས། རྣམ་པ་ཚོ་མང་པོ་ཞིག་ལམ་ཐག་རིང་པོའི་དཀའ་ངལ་སོགས་ལ་མ་འཛེམས་པར་འདིར་མཉམ་ཞུགས་གནང་བར་སླར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་རིང་ང་རང་འདིར་བཅར་དགོས་པའི་རྒྱུ་མཚན་འདི་ཡང་ཉེ་ཆར་༸གོང་ས་མཆོག་གིས་ཡིག་ངག་གཉིས་ཐོག་ནས་ཕེབས་པའི་བཀའ་སློབ་ནན་པོ་འདི་གོང་དུ་དྲུང་ཚབ་ཀྱིས་གསུངས་གནང་སོང་།
དེར་བརྟེན་རྣམ་པ་ཚོས་ཉིན་རྒྱབ་བགྲོ་གླེང་གནང་སྐབས་འདི་གལ་ཆེན་པོར་བརྩི་རོགས་གནང་ཞེས་ཞུ་རྒྱུ་ཡིན། ང་ཚོ་བཀའ་ཤག་ངོས་ནས་འདི་གལ་ཆེན་པོར་བརྩིས་ནས་ལག་བསྟར་ག་རེ་བྱ་རྒྱུ་ཡོད་པ་དེའི་ཐོག་ལ་རྣམ་པ་ཚོས་བཀའ་བསྡུར་གནང་རྒྱུ་རེད། འདས་པའི་ལོ་ལྔ་མ་ཟིན་ཙམ་གྱི་ནང་ངོས་རང་ཚོགས་ཆེན་དང་ཚོགས་ཆུང་ཁག་མང་པོ་ཞིག་གི་ནང་བཅར་མྱོང་ཡོད། མཐའ་མ་དེར་གསར་པ་ག་རེ་ཤེས་རྒྱུ་འདུག་བརྗོད་ན། གསར་པ་མང་ཆེ་བ་ལག་བསྟར་བྱ་ཆོག་པའི་བརྒྱ་ཆ་ཉི་ཤུ་རྩ་ལྔ་ཙམ་དང་། བརྒྱ་ཆ་བརྒྱད་ཅུ་ཕལ་ཆེར་སོར་གནས་ལྟ་བུར་ཕེབས་པའི་བཟོ་འདྲ་འདུག ད་ལྟ་བར་དུ་ཚོགས་ཆེན་དང་ཚོགས་ཆུང་ནང་ནས་ང་རང་ལ་འདོད་བློ་ཁེངས་ཤོས་འདི་ག་རེ་བྱུང་སོང་བརྗོད་ན། ཕལ་ཆེར་ཟླ་བ་བརྒྱད་དམ་དགུའི་སྔོན་དེར་རྩིས་པ་ཚོ་འཛོམས་ནས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ཁྲ་ཉར་ཕྱོགས། དེ་བཞིན་ལག་བསྟར་བྱ་རྒྱུའི་སྐོར་ལ་འགྲིག་དང་མ་འགྲིག་པའི་བསམ་ཚུལ་མང་པོ་ཞིག་ཕེབས་འདུག སྙན་ཐོ་གཅིག་པུ་འདིའི་ནང་བརྒྱ་ཆ་ལྔ་བཅུ་ལྷག་ལག་བསྟར་བྱ་ཆོག་པ་ཞིག་འདུག་ཨང་བསམས་པ་ཞིག་གི་ཐོག་ནས་ངོས་རང་འདོད་བློ་ཁེངས་ཤོས་དེ་བྱུང་སོང་།
དེ་རིང་འདིར་རྣམ་པ་ཚོ་ཕྱོགས་མཐའ་མང་པོ་ཞིག་ནས་མི་འཛོམས་མང་པོ་ཞིག་ཡོད་སྟབས། ངོས་ཀྱིས་རེ་འདུན་ཞུ་རྒྱུར་གསུང་བཤད་དང་བཀའ་སློབ་གནང་རྒྱུའི་འགྲན་བསྡུར་དེ་མ་གནང་རོགས་གནང་ཞེས་ཞུ་རྒྱུ་ཡིན། དངོས་སུ་ལག་བསྟར་བྱ་རྒྱུའི་ལས་གཞི་དང་འཆར་གཞི་ག་རེ་ཡོད་པ་འདིའི་སྒང་ལ་དགོངས་ཚུལ་མང་ཙམ་གསུང་རོགས་གནང་། ཞེས་ཞུ་རྒྱུ་ཡིན། ག་དུས་ཡིན་ནའང་ཚོགས་ཆེན་ཚོགས་མ་ཐག་ནས་བཀའ་སློབ་རིང་པོ་གནང་རྒྱུ་འགོ་འཛུགས་བྱས་ཀྱི་འདུག དང་པོ་ལོ་རྒྱུས་ཤིག་བགྲངས། དེ་ནས་ངའི་བྱས་པའི་བྱས་རབས་ཤིག་བཤད། དེ་ནས་སོ་སོའི་སྨན་ཁང་ངམ་སློབ་གྲྭ དགོན་སྡེ་བཅས་ཀྱི་ལོ་རྒྱུས་ཆ་ཚང་ཞིག་གསུངས། མཐའ་མ་དོན་དག་ངོ་མའི་ཐོག་དབབ་རྒྱུ་མེད་པའི་བཟོ་འདྲ་ཞིག་ཡོང་གི་འདུག དེ་འདྲ་བྱས་པ་ཡིན་ན། ཉིན་མ་གསུམ་མམ་བཞི་ག་ཚོད་འཚོགས་ཀྱང་དུས་ཚོད་འཕྲོ་བརླག་རེད་བསམས་ཀྱི་འདུག ད་ལན་རྣམ་པ་ཚོ་འདིར་ཕེབས་དགོས་དོན་ནི། སྤྱི་ཡོངས་འཕྲོད་བསྟེན་ལས་བྱེད་ཚོའི་དོན་དག་ཡིན་ནའང་། གཙོ་བོ་ནད་གཞི་སྔོན་འགོག་གི་ཆེད་དུ་༸གོང་ས་མཆོག་ནས་བཀའ་སློབ་ནན་པོ་ཕེབས་ཡོད་པར་བརྟེན། བོད་སྨན་དང་ཕྱི་ལུགས་ཀྱི་སྨན་སོགས་གང་གི་ཐོག་ནས་ག་རེ་བྱེད་རྒྱུ་ཡོད་པ་རེད་བརྗོད་རྒྱུ་དེ་རེད། ཁ་སང་༸གོང་ས་མཆོག་གནམ་ཐང་དུ་ཆིབས་བསྒྱུར་སྐྱོང་སྐབས་ངོས་རང་ཕེབས་བསུར་བཅར་བ་ཡིན།
སྐབས་དེར་ངོས་ཀྱིས་ད་ལན་འཕྲོད་བསྟེན་ལས་ཁུངས་ནས་སྔོན་འགོག་ཆེད་ཚོགས་ཆེན་འཚོགས་ཀྱི་ཡོད་ཅེས་སྙན་སེང་ཞུས་སྐབས། ༸གོང་ས་མཆོག་གིས་ཧ་ཅང་ཡག་པོ་བྱུང་འདུག སྔོན་འགོག་དེ་ཧ་ཅང་གལ་ཆེན་པོ་རེད་འདུག གང་ཡིན་ཟེར་ན་གཞིས་ཆགས་ཁག་དང་དགོན་སྡེ་ཁག་གི་ནང་ནད་པ་མང་པོ་ཞིག་འདུག དེའི་ནང་ནས་ལོ་གཞོན་པ་དེ་འདྲའང་འདུག དེ་སྔོན་འགོག་དང་དོ་སྣང་མེད་པའི་རྐྱེན་ལས་བྱུང་བ་རེད། ཉེ་ཆར་རྒྱུད་སྨད་མཁན་པོ་ཁོང་ལ་ངོས་རང་ནས་རེ་བ་ཆེན་པོ་ཡོད་ཀྱང་། སྔོན་འགོག་མ་བྱུང་བར་བརྟེན་ནས་སྐུ་གཤེགས་པ་རེད། ཅེས་བཀའ་སྩལ་བྱུང་། དེ་དང་དེ་བཞིན་ངོས་རང་མི་མང་པོ་ཞིག་དང་ཐུག་འཕྲད་སྐབས་ཁོང་ཚོར་ཤེས་ཡོན་ཡོད་ཀྱང་སྔོན་འགོག་དང་འཕྲོད་བསྟེན་ཐོག་དོ་སྣང་མེད་པའི་རྐྱེན་གྱིས་ལོ་གཞོན་སྐབས་ནས་གྲོངས་ཟིན་པ་དང་། ཁ་ཤས་གཅིན་སྙི་ནད་པ་ཡིན་ཞེས་གོམ་པ་མང་པོ་བརྒྱབ་དགོས་པ་སོགས་ཡོང་གི་འདུག ཅེས་སོགས་ཀྱི་གསུང་བཤད་གནང་བ་མ་ཟད།
མཇུག་ཏུ་སྲིད་སྐྱོང་མཆོག་གིས་གསུང་དོན། ང་ཚོའི་སྤྱི་ཚོགས་ནང་གི་ནད་རིགས་ལ་ཕྱོགས་གཅིག་ནས་བལྟས་ན། ང་ཚོའི་མཐུན་རྐྱེན་ཐོག་ནས་མ་འདང་བ་རེད་དམ་ཞེ་ན། དེ་འདྲ་རྩ་བ་ནས་མ་རེད། ང་ཚོ་ལས་སྐྱོ་བའི་རྒྱལ་ཁབ་དང་ལུང་པ་མང་པོ་ཡོད་པ་རེད། དངོས་གནས་བྱས་ན། འདས་པའི་མི་ལོ་ ༥༠ ནང་ནད་རིགས་ཉུང་དུ་འགྲོ་དགོས་ཀྱང་། ཉེ་ཆར་དགོན་སྡེ་ཁག་དང་སློབ་གྲྭ་ཁག་ནང་མང་དུ་འགྲོ་བཞིན་ཡོད་པའི་གནས་ཚུལ་འདུག འཕྲོད་བསྟེན་ལ་དང་དོད་བྱས་ཏེ་སྤྱི་ཚོགས་ཐང་པོ་ཡོད་ན། གཞུང་དེ་ཐང་པོ་ཡོང་གི་རེད་ལ། བོད་རིགས་ཐང་པོ་ཡོང་ན། བོད་ཀྱི་རྩ་དོན་རྩོད་པའི་སྒྲིག་འཛུགས་འདི་ཡང་ཐང་པོ་ཡོང་གི་རེད། ང་ཚོའི་སྤྱི་ཚོགས་ཐང་པོ་མེད་པ་དང་བོད་རིགས་ཐང་པོ་མེད་ན། རྩ་དོན་གྱི་སྒྲིག་འཛུགས་འདི་ཡང་ནད་པ་ཆགས་ཉེན་ཡོད།
རྣམ་པ་ཚོས་ད་ལན་ཚོགས་འདུ་འདི་བཞིན་དོན་ལ་འཁེལ་བའི་ཚོགས་འདུ་ཞིག་ཚོགས་ནས་ལག་བསྟར་ཡོད་པའི་དགོངས་ཚུལ་དེ་འདྲ་གསུང་རོགས་གནང་ཞེས་ཞུ་རྒྱུ་ཡིན། ས་གནས་ས་ཐོག་ལ་རྣམ་པ་ཚོས་མི་མང་ལ་གོ་རྟོགས་སྤེལ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། དེར་བརྟེན་གཞིས་གྲོང་དང་སློག་གྲྭ་ཁག་གི་ནང་ལོ་རེར་ཐེངས་གཉིས་སམ་གསུམ་ཙམ་གྱིས་གོ་རྟོགས་སྤེལ་རྒྱུའི་ལས་གཞིའི་ཐོག་ལ་བཀའ་བསྡུར་མང་ཙམ་གནང་དགོས་འདུག དེ་རིང་ཉིན་མ་གསུམ་གྱི་ཚོགས་ཆེན་འདི་བཞིན་བགྲོ་གླེང་ཡག་པོ་ཡོང་རྒྱུ་དང་། ལག་བསྟར་བྱ་རྒྱུ་ཡོད་པ་ཞིག་གནང་རོགས་གནང་། ཞེས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ་གནང་། ཞེས་གསུང་བཤད་གནང་།