༢༠༡༦ ཟླ་ ༥ ཚེས་ ༡༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༡༦ ཉིན་དབུས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་གོ་སྒྲིག་འོག རྡ་ས་དབུས་སྣེ་ལེན་འབྲེལ་མཐུད་ཁང་གི་ཚོགས་ཁང་དུ་མི་མང་གི་འཕྲོད་བསྟེན་ཞབས་ཞུ་སྤྱི་དང་། ལྷག་པར་ནད་རིགས་སྔོན་འགོག་གི་ལས་དོན་སྔར་ལྷག་ཚགས་ཚུད་དང་། དེ་བཞིན་སྨན་ཁང་གི་འཛིན་སྐྱོང་ཡར་རྒྱས་གཏོང་རྒྱུ་བཅས་ལ་དམིགས་ནས་དམིགས་བསལ་ཚོགས་ཆེན་གཟབ་རྒྱས་ངང་བསྐོང་ཚོགས་གནང་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༡༥ ཡོལ་ཙམ་ལ་དམིགས་བསལ་ཚོགས་ཆེན་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཚབ་འཆི་མེད་རིག་འཛིན་ལགས་ཀྱིས་གཙོས་འཕྲོད་བསྟེན་ལས་བྱེད་པ་ཁག་གཅིག་དང་། བདེ་ལེགས་སྨན་ཁང་གི་འགན་འཛིན་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་དང་། དབུས་སྨན་རྩིས་ཁང་གི་དབུ་འཛིན་ཚེ་རིང་བཀྲ་ཤིས་ལགས། སྐུ་བཅར་སྨན་རམས་པ་ཚེ་དབང་རྟ་མགྲིན་ལགས་བཅས་ཕེབས་པ་མ་ཟད། ཚོགས་བཅར་བའི་ཁོངས་ནས་སྨན་ཁང་འགན་འཛིན་དང་སྨན་པ། སྨན་ཞབས། འཕྲོད་ལས་པ་བཅས་ཁྱོན་མི་གྲངས་ ༡༢༩ དང་། དེ་བཞིན་གསར་འགོད་པ་བཅས་ཚང་འཛོམས་ཀྱིས་ཐོག་མར། སྲིད་སྐྱོང་མཆོག་གིས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་ཕུལ་རྗེས་སྣང་གསལ་ཞལ་ཕྱེ་གནང་།
དེ་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ་མཚམས་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ལ་མྱ་ངན་གུས་འདུད་མཚོན་སླད་ངག་བཅད་སྐར་མ་གཅིག་ཞུས་རྗེས་འཕྲོད་བསྟེན་དྲུང་ཚབ་འཆི་མེད་རིག་འཛིན་ལགས་ཀྱིས་ཚོགས་འདུ་ངོ་སྤྲོད་ཀྱི་གསུང་བཤད་གནང་གྲུབ་བསྟུན། འཕྲོད་བསྟེན་བཀའ་བློན་མཆོག་གིས་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་གནང་བ་དང་ཆབས་ཅིག དམིགས་བསལ་ཚོགས་ཆེན་ཚོགས་དགོས་དོན་གཙོ་བོ་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ ༡༠༠ ཐམ་པ་འཁོར་བའི་དུས་དྲན་གྱི་མཛད་སྒོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་དང་བོད་ཀྱི་སྨན་རྩིས་ཁང་གི་བོད་སྨན་སྡེ་ཚན་གཉིས་ནས་ནད་གཞི་སྔོན་འགོག་ཐོག་འཐུས་ཤོར་ཆེན་པོ་ཕྱིན་ཡོད་སྐོར་བཀའ་སློབ་ལྕི་མོ་ཞིག་ཕེབས་ཡོད་པ་ལྟར། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་དེར་ངོས་འཛིན་ཞུས་པའི་ཐོག་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ནད་རིགས་སྔོན་འགོག་གི་ལས་དོན་ཐོག་ཡར་རྒྱས་གཏོང་ཐབས་ཆེད་ཚོགས་འདུ་བསྐོང་ཚོགས་གནང་ཡོད་སྐོར་དང་། དབུས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་འདི་ལོའི་ཕྱི་ཟླ་བཞི་པ་དེ་ནད་གཞི་སྔོན་འགོག་དང་འཕྲོད་བསྟེན་གོ་རྟོགས་སྤེལ་རྒྱུའི་ཟླ་བར་སྲུང་བརྩི་ཞུས་ཡོད་སྐོར་སོགས་འཕྲོད་བསྟེན་ལས་ཁུངས་ནས་ད་བར་སྤྱི་ཚོགས་ཀྱི་འཕྲོད་བསྟེན་ཡར་རྒྱས་གཏོང་ཐབས་དང་ནད་གཞི་སྔོན་འགོག་ཐད་ཕྱག་ལས་ཇི་གནང་།
དེ་བཞིན་འཕྲོད་བསྟེན་ཡར་རྒྱས་གཏང་རྒྱུ་དང་འབྲེལ་བའི་ལས་འཆར་ཁག་ངོ་སྤྲོད་ཞིབ་ཕྲ་གནང་བ་དང་སྦྲགས། ཚོགས་འདུ་འདིའི་ཐོག་ཚོགས་བཅར་བ་ཡོངས་ནས་གལ་ཆེ་དོན་ཆེར་རྩིས་ཏེ། ནད་གཞི་སྔོན་འགོག་གི་ལས་དོན་ཚགས་ཚུད་གཏོང་ཐབས་དང་། འཕྲོད་བསྟེན་གོང་སྤེལ་གཏོང་ཐབས། སྨན་ཁང་ཁག་གི་འཛིན་སྐྱོང་ལས་དོན་ཚགས་ཚུད་ཡོང་ཐབས་ཆེད་ཚང་མས་མཉམ་རུབ་ཐོག་ནས་གོ་བསྡུར་ལྷུག་པོ་གནང་བ་བརྒྱུད་མ་འོངས་པར་ལས་དོན་མཐའ་དག་དེང་དུས་དང་མཐུན་པ་ཞིག་ཡོང་ཐུབ་པའི་རེ་བ་ཡོད་སྐོར་སོགས་གསུངས། དེ་རྗེས་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་གྲུབ་མཚམས། སྲིད་སྐྱོང་མཆོག་གིས་གཉན་ནད་རེག་དུག་ནད་གཞི་སྔོན་འགོག་གོ་རྟོགས་སློབ་ཁྲིད་ཆེད་བོད་སྐད་ཐོག་ཡོད་པའི་མཉེན་ཆས་ཤིག་དབུ་འབྱེད་གནང་གྲུབ་བསྟུན། འཕྲོད་བསྟེན་དྲུང་འཕར་ཚེ་དབང་དངོས་གྲུབ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་ཏེ་མཛད་སྒོ་མཇུག་སྒྲིལ། སྤྱིར་ཚོགས་འདུ་ཉིན་མཐའ་མར་གྲོས་ཆོད་ཁག་གཏན་འབེབས་གནང་རྒྱུ་ཡིན་འདུག ཕྱི་ཚེས་ ༡༩ ཉིན་དབུས་སྨན་རྩིས་ཁང་དང་ཁྱབ་ཁོངས་ཡན་ལག་སྨན་རྩིས་ཁང་གི་སྨན་པ་རྣམས་ལ་རྒྱུན་གཏན་གསོ་རིག་གི་ཕྱག་ལེན་སྐབས་ཕྱི་ལུགས་སྨན་གྱི་གཞི་རིམ་འགྲོ་ལུགས་དང་སྤྱིར་བཏང་ཤེས་བྱའི་སྐོར་ཟབ་སྦྱོང་གནད་བསྡུས་ཤིག་གནང་རྒྱུའི་ལས་རིམ་ཡང་འདུག།