༢༠༡༦ ཟླ་ ༥ ཚེས་ ༡༨ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས ༡༨ ཉིན་འཛམ་གླིང་ཁྱོན་ཡོངས་ནང་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཐེངས་ ༣༩ སྲུང་བརྩི་ཞུ་བཞིན་པ་ལྟར། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་འགྲེམས་སྟོན་ཚན་པས་གོང་ཚེས་ཉིན་ནས་ཉིན་གྲངས་གསུམ་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཁྱབ་ཁོངས་བོད་ཀྱི་འགྲེམས་སྟོན་ཁང་དུ་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་སྲུང་བརྩི་ཞུས་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུས་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས། ཕྱི་དྲིལ་དྲུང་འཕར་ཡེ་ཤེས་དབང་མོ་ལགས། རྡ་ས་རིགས་ལམ་སློབ་གཉེར་ཁང་གི་སྤྱི་ཁྱབ་འགན་འཛིན་སྤྱི་འཐུས་དགེ་བཤེས་སྐལ་བཟང་དགྲ་འདུལ་ལགས། རྡ་ས་ཉེ་འཁོར་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་ཆེ། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པའི་སྐུ་ཚབ། སློབ་གྲྭ་ཁག་ལྔའི་སློབ་ཕྲུག གཞན་ཡང་ཕྱི་ནང་གི་གསར་འགོད་པ་བཅས་ཁྱོན་མི་གྲངས་ ༡༠༠ ལ་ཉེ་བ་ཞིག་མཉམ་འཛོམས་ཀྱིས་ཐོག་མར། དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་དབུ་འབྱེད་གནང་རྗེས། བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་སྲུང་བརྩི་ཞུས་དགོས་པའི་སྐོར་ངོ་སྤྲོད་གནང་བའི་ནང་། རིག་གཞུང་མི་འདྲ་བ་ཡོད་པ་དེ་དག་ཕན་ཚུན་བརྗེ་ལེན་དང་རྒྱུས་ལོན་ཡོང་ཐབས་ཙམ་དུ་མ་ཟད། ཕན་ཚུན་མཐུན་ལམ་ཡོང་ཆེད་བཅས་ཡིན་སྐོར་དང་།
ད་བར་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཚན་པ་བཙུགས་ནས་ལོ་ངོ་བཅུ་དྲུག་ཙམ་གྱི་རིང་བོད་དོན་དྲིལ་བསྒྲགས་སླད་འགྲེམས་སྟོན་གྱི་ལས་དོན་ཇི་སྤེལ་དང་མང་ཚོགས་ཁྲོད་བོད་ཀྱི་རིག་གཞུང་སྤྱི་དང་ལྷག་པར། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་པར་རིས་དང་གློག་བརྙན། དེ་མཚུངས་དེང་དུས་ཀྱི་འཕྲུལ་པར་དང་དེབ་རིགས་སོགས་ཀྱི་ལམ་ནས་གོ་རྟོགས་རྒྱ་གང་ཆེ་སྤེལ་དང་སྤེལ་མུས་ཡིན་སྐོར་སོགས་གསུངས་གྲུབ་རྗེས། ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་བོད་ཀྱི་འགྲེམས་སྟོན་ཁང་གི་ངོ་སྤྲོད་བརྙན་ཐུང་ཞིག་དྲ་ལམ་ཐོག་དབུ་འབྱེད་གནང་རྗེས་དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་གསུང་བཤད་གནང་
རྗེས་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལས་རིམ་དང་འབྲེལ་བའི་སྐོར་གསུང་བཤད་གནང་དོན།
བོད་ཀྱི་འགྲེམས་སྟོན་འདི་ད་ལྟའི་ཆར་གང་ཙམ་ཡག་ཐག་ཆོད་ཆགས་ཡོད། ང་ཚོས་བདེན་པའི་འཐབ་རྩོད་བྱེད་བཞིན་ཡོད་སྟབས། རྒྱ་ནག་གཞུང་གིས་གང་བྱེད་ཀྱི་ཡོད་པ་དེར་དོ་སྣང་བྱས་ནས་ང་ཚོས་ཐད་ཀར་གདོང་ལེན་བྱས་རྗེས་བདེན་པ་ཁུངས་སྐྱེལ་ཐུབ་ན་ང་ཚོར་རྒྱལ་ཁ་ཐོབ་ཀྱི་ཡོད། དཔེར་ན། ཕྱི་ལོ་ ༢༠༡༤ ལོའི་སྔོན་ལ་བོད་ཀྱི་འགྲེམས་སྟོན་ཁང་ཞེས་དྲ་རྒྱའི་སྟེང་འཚོལ་ཞིབ་བྱེད་སྐབས། རྒྱ་ནག་གཞུང་གིས་ཆེད་འཛུགས་བྱས་པའི་འགྲེམས་སྟོན་ཁང་དེ་འཆར་བཞིན་ཡོད་ཀྱང་ད་ཆ་འཚོལ་སྒྲུབ་བྱེད་སྐབས་རྡ་སའི་བོད་ཀྱི་འགྲེམས་སྟོན་ཁང་འདི་འཆར་བཞིན་ཡོད་པ་དེས། ང་ཚོས་རྒྱལ་སྤྱིའི་སྟེང་དྲ་རྒྱ་བརྒྱུད་བོད་ཀྱི་བདེན་དོན་ཁུངས་སྐྱེལ་ཐུབ་ཡོད། སྤྱིར་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་སྲུང་བརྩི་དེ་བཞིན་ཕྱི་ལོ་ ༡༩༧༧ ལོར་འགོ་འཛུགས་ནས་འདི་ལོ་ལོ་ངོ་ ༣༩ འགྲོ་བཞིན་ཡོད།
སྤྱིར་ཕྱི་ལོ་ ༢༠༡༠།༡༡ ལོར་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་སྲུང་བརྩི་ཞུ་སྐབས་ཡུལ་གྲུ་ཁག་ ༩༨ ཙམ་གྱིས་ཆ་ཤས་བླངས་ཡོད། འདི་ལོར་ཡུལ་གྲུ་ཁག་ ༡༤༥ ཙམ་གྱིས་ཆ་ཤས་བླངས་སྟེ་འགྲེམས་སྟོན་ཁང་སྟོང་ཕྲག་སུམ་ཅུ་སོ་ལྔ་ཙམ་ཡོད་པའི་ཁོངས་ནས་རྡ་སར་ཡོད་པའི་བོད་ཀྱི་འགྲེམས་སྟོན་ཁང་འདི་གཅིག་ཆགས་ཡོད། དོ་སྣང་བྱེད་མཁན་ཞིག་གིས་རྡ་སར་ཡོད་པའི་བོད་ཀྱི་འགྲེམས་སྟོན་ཁང་ཡོད་པ་ཤེས་རྟོགས་ཡོང་གི་རེད། ཕྱོགས་གཅིག་ནས་བལྟས་ན་གནས་ཚུལ་ཆུང་ཆུང་རེད།
འོན་ཀྱང་ཕྱོགས་གཞན་ཞིག་ནས་བལྟས་ན་ང་ཚོ་བདེན་པ་རྩོད་མཁན་ཡིན་སྟབས། བོད་ཀྱི་བདེན་དོན་ཁུངས་སྐྱེལ་ར་སྤྲོད་བྱེད་ཐུབ་པ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། གཙོ་ཆེ་ཤོས་དེ་རིང་འདིར་གཞོན་སྐྱེས་མང་པོ་ཞིག་ཕེབས་འདུག སློབ་གྲྭ་ཁག་ནས་ལོ་ལྟར་སློབ་ཕྲུག་འདིར་ཡོང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་མཐོང་གི་འདུག བོད་རང་བཙན་ཡིན་པ་དང་། སོ་སོའི་རྒྱལ་ཁབ་ཡིན་པ། སོ་སོའི་རང་དབང་ལུང་པའི་ནང་ཆོས་དང་རིག་གཞུང་། སྐད་ཡིག་སོགས་སྲོལ་རྒྱུན་གྱི་ལམ་ནས་འཛིན་སྐྱོང་སྤེལ་གསུམ་བྱས་པའི་ཉམས་མྱོང་དང་ཚོར་བ་ཡོད་མཁན་བོད་པའི་མི་རབས་རྒན་པ་ཚོ་རིམ་བཞིན་མེད་པ་ཆགས་བཞིན་ཡོད། ད་ལྟ་ང་ཚོ་མི་རབས་གསུམ་པ་དང་བཞི་པ་ཚོར་བོད་ཅེས་པ་དེ་འཆར་སྣང་ཙམ་གྱི་བོད་མ་གཏོགས་མེད། ང་ཚོ་ཚང་མས་བོད་མཐོང་མྱོང་མེད་ཀྱང་བོད་སྐོར་དུས་རྟག་ཏུ་ཤོད་བཞིན་ཡོད། ང་ཚོར་མི་རབས་རྒན་པ་ཚོ་ལྟ་བུའི་ཉམས་མྱོང་དང་མྱོང་ཚོར་དེ་མེད། སློབ་གྲྭར་སློབ་ཁྲིད་བྱེད་སྐབས་འགྲེམས་སྟོན་མེད་པའི་ཐོག་སློབ་ཁྲིད་བྱས་ན་དེ་བས་ཀྱང་ཚོར་བ་ཉུང་བ་ཡོང་གི་ཡོད།
དེར་བརྟེན་འགྲེམས་སྟོན་ཁང་ལ་ཕེབས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ང་ཚོ་བོད་པ་ཡིན་པར་བརྟེན་བོད་དང་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་སོགས་གང་འདྲ་ཡོད་མེད་དྲན་སྐུལ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། རྒྱ་ནག་གཞུང་གིས་དམིགས་ཡུལ་ནི་འགྲེམས་སྟོན་ཁང་གི་དྲ་རྒྱའི་ནང་ཁོ་པ་ཚོའི་དྲ་རྒྱ་སྔོན་ལ་སླེབས་ཐུབ་པ་བྱེད་རྒྱུ་ཁོ་ན་མིན། བོད་དེ་རྒྱ་སྡེར་འགྱུར་རྒྱུ་དང་བོད་རིགས་དེ་རྒྱ་རིགས་ལ་འགྱུར་རྒྱུའི་དམིགས་ཡུལ་འཛིན་ཡོད། དེར་བརྟེན་ང་ཚོས་རྒྱ་ནག་ལ་གདོང་ལེན་བྱེད་ཆེད་འགྲེམས་སྟོན་ཁང་ནང་ཆ་ཤས་ལེན་ནས་རང་ཉིད་བོད་མི་ཡིན་པ་མ་བརྗེད་པ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ངོས་རང་བོད་མིའི་གཞིས་ཆགས་ཁག་མང་པོ་ཞིག་གི་ནང་སྐོར་བསྐྱོད་བྱས་ཟིན་པ་རེད། དེའི་ནང་ནས་ལ་དྭགས་བྱང་ཐང་བཀག་གཞུང་ས་མཚམས་དེར་རྒྱུགས་ཆུ་ཆེན་པོ་ཞིག་ཡོད་པ་དེའི་ཚུར་རོལ་ན་འབྲོག་ཁྱིམ་གཉིས་ཀྱིས་ལོ་ལྟར་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་གི་ཡོད་པ་གོ་ཐོས་བྱུང་སྟབས། ངོས་རང་ཆེད་མངགས་འབྲོག་པ་དེ་གཉིས་ཀྱི་སར་ཐེངས་གཅིག་བཅར་བ་ཡིན། སྐབས་དེར་ཁོང་ཚོས་འགྲེལ་བཤད་རྒྱག་སྟངས་ལྟར་ན། རྒྱུགས་ཆུ་ཕར་ཕྱོགས་སུ་ཡོད་པའི་རྒྱ་མི་དམག་སྒར་ཡོད་པ་དེ་ང་ཚོ་བོད་ཀྱི་ས་མཚམས་རེད། ནམ་ཞིག་མ་གཏོགས་ང་ཚོ་རྒྱུགས་ཆུ་དེ་བརྒལ་ནས་ཕར་བོད་ལ་ལོག་རྒྱུ་རེད། ད་ལྟ་རྒྱུགས་ཆུ་ཚུ་རོལ་དེར་ང་ཚོས་ལོ་ལྟར་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བཞིན་ཡོད། ཅེས་བརྗོད་ཀྱི་འདུག སེམས་ནང་ལ་བོད་ས་དེ་རྒྱ་མིས་བཙན་བཟུང་བྱས་པ་ལས་མདོ་དོན་བོད་ཀྱི་ས་ཆ་ཡིན་པ་ཤེས་ཀྱི་ཡོད། དེ་ནས་ལ་དྭགས་ཡུལ་མི་ཚོས་རྒྱུགས་ཆུ་ཕ་རོལ་དེ་རྒྱ་ནག་རེད། ཚུ་རོལ་རྒྱ་གར་རེད། ཅེས་བརྗོད་ཀྱི་འདུག
དེ་བཞིན་ངོས་ཀྱི་ངོ་ཤེས་བལ་ཡུལ་མི་སྣ་དེ་ཚོ་དང་འཕྲད་སྐབས་ལྷ་ས་དེ་རྒྱ་ནག་གི་རེད། ཅེས་བརྗོད་ཀྱི་འདུག དེར་བརྟེན་དོ་སྣང་དང་གོ་རྟོགས་མེད་པར་བསྡད་པ་ཡིན་ན་ང་རང་ཚོའི་མདུན་དེ་རང་དུ་བོད་དེ་རྒྱ་ཡུལ་དང་། བོད་རིགས་རྒྱ་རིགས་ཆགས་འགྲོ་གི་ཡོད་པ་རེད། ཁ་སང་ཚགས་ཤོག་ཅིག་གི་ནང་ངོས་ཀྱིས་མཐོང་གསལ་ལྟར་ན། ལོ་བཅོ་ལྔའི་གོང་བལ་ཡུལ་ནང་རྒྱ་མི་ཁྲི་གཅིག་ཙམ་ལས་མེད་ཀྱང་ལོ་བཅུའི་ནང་རྒྱ་མི་མི་འབོར་ཁྲི་བཞི་ཙམ་ཆགས་པ་མ་ཟད། ཉེ་ཆར་བལ་ཡུལ་རྒྱལ་ས་ཀ་ཐ་མན་ཌུ་ནང་དུ་རྒྱ་མི་མི་འབོར་ཁྲི་དགུ་ཙམ་བསླེབས་ཚར་བ་རེད། ཅེས་བཀོད་འདུག རྒྱ་གར་ཁྱོན་ཡོངས་ཀྱི་ནང་བོད་མི་གྲངས་ཁྲི་དགུ་ཡོད། འགྲེམས་སྟོན་ཁང་འདི་གལ་ཆེན་པོ་ཡིན་དགོས་པའི་རྒྱུ་མཚན་ནི་དམིགས་ཡུལ་བཞིན་འགྲེམས་སྟོན་འདིའི་བརྒྱུད་ནས་བོད་ཀྱི་ལོ་རྒྱུས་དང་རིག་གཞུང། གོམས་གཤིས་དང་ཆས་གོས་རྣམས་མི་རབས་གཅིག་ནས་གཅིག་ལ་ངོ་སྤྲོད་གནང་རྒྱུ་དེ་ཡིན། ཅེས་གསུང་བཤད་གྲུབ་རྗེས་འགྲེམས་སྟོན་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་དང་བཅས་ལས་རིམ་མཇུག་སྒྲིལ། །