༢༠༡༦ ཟླ་ ༥ ཚེས་ ༡༧ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས ༡༨ ཉིན་འཛམ་གླིང་ཁྱོན་ཡོངས་ནང་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཐེངས་ ༣༩ སྲུང་བརྩི་་ཞུ་རྒྱུ་ཡིན་པ་ལྟར། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་འགྲེམས་སྟོན་ཚན་པས་ཕྱི་ཟླ་ ༥ ཚེས་ ༡༨ ནས་ ༢༠ བར་ཉིན་གྲངས་གསུམ་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འགྲམ་དུ་ཡོད་པའི་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཁྱབ་ཁོངས་བོད་ཀྱི་འགྲེམས་སྟོན་ཁང་དུ་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་སྲུང་བརྩི་ཞུ་རྒྱུ་ཡིན་འདུག
དེ་ཡང་ཉིན་གྲངས་གསུམ་རིང་གི་འགྲེམས་སྟོན་སྐབས་གཏན་འཇགས་འགྲེམས་སྟོན་ཁག་ལ་འགྲེལ་བཤད་དང་། ཕ་ཡུལ་ཕྱོགས་ལ་རྒྱང་བལྟ། ཞེས་བོད་ཀྱི་འདས་པའི་ལོ་རྒྱུས་ལ་ཕྱིར་བལྟས་ཀྱིས། རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་ རྩིས་མེད་རྡོག་རོལ་བཏང་བ་དང། བོད་ཀྱི་ཁོར་ཡུག་གཏོར་བཤིག བོད་མིའི་ཆོས་དད་རང་དབང་ལ་དམ་བསྒྲགས་སུན་གཙེར་བཟོས་པ་སོགས་རྒྱུ་རྐྱེན་དེ་ དག་ལ་བརྟེན། དེང་སྐབས་བོད་ནང་དུ་བོད་མི་ཚོས་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་བཞིན་ཡོད་པ་སོགས་དང་། ད་ལྟའི་བཙན་བྱོལ་བོད་མིའི་གནས་སྟངས་སོགས་པར་རིས་ཀྱི་ལམ་ནས་འགྲེམས་སྟོན་གནང་རྒྱུ། དེ་བཞིན་ལྷ་བྲིས་པ་ཚོས་སྐུ་ཐང་འབྲི་རྒྱུའི་ལག་སྩལ། བོད་ཆོལ་ཁ་གསུམ་གྱི་ཆས་གོས་སོགས་ཀྱི་འགྲེམས་སྟོན་གནང་རྒྱུ་མ་ཟད། བོད་ཀྱི་རིག་གཞུང་དང་རྒྱལ་རབས་སྐོར་གསུང་བཤད་ཀྱི་ལས་རིམ། བོད་དོན་དང་འབྲེལ་བའི་དངོས་བྱུང་གློག་བརྙན་སོགས་བསྟན་རྒྱུ་ཡིན་འདུག འགྲེམས་སྟོན་གྱི་ལས་རིམ་ཐོག་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དང་། ཤེས་རབ་དགའ་ཚལ་སློབ་གླིང་། རྡ་ཤོད་བོད་ཁྱིམ། སཾ་བྷོ་ཊ་ཅོན་ཏ་ར། དེ་བཞིན་རྡ་སའི་ནང་ཡོད་པའི་རྒྱ་གར་གཞུང་གི་སློབ་གྲྭ་བཅས་ཀྱི་སློབ་ཕྲུག་རྣམས་ཀྱིས་མཉམ་ཞུགས་བྱེད་རྒྱུ་ཡིན་འདུག
རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་སྲུང་བརྩིའི་དབུ་འབྱེད་མཛད་སྒོར་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཕ་ཡུལ་ཕྱོགས་ལ་རྒྱང་བལྟ། ཞེས་པའི་འགྲེམས་སྟོན་གྱི་དཀར་ཆག་དབུ་འབྱེད་གནང་རྒྱུ་མ་ཟད། ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་འགྲེམས་སྟོན་དྲིལ་བསྒྲགས་བརྙན་འཕྲིན་ཞིག་ཀྱང་དབུ་འབྱེད་གནང་རྒྱུ་ཡིན་འདུག ཕྱི་ཚེས་ ༢༠ ཉིན་ལས་རིམ་མཇུག་སྒྲིལ་སྐབས་བོད་ཀྱི་གཞས་སྣ་ཁག་གཅིག་འཁྲབ་སྟོན་གནང་རྒྱུ་ཡིན་འདུག་པ་བཅས། །