༢༠༡༦ ཟླ་ ༥ ཚེས་ ༡༧ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༡༧ ཉིན་ཕྱི་འབྲེལ་འགྲོ་བ་མིའི་ཐོབ་ཐང་ཚན་པས་གོ་སྒྲིག་འོག་རྡ་སའི་ཉེ་འདབས་སུ་ཆགས་པའི་ཤེས་རབ་དགའ་ཚལ་སློབ་གྲྭའི་ཚོགས་ཁང་ནང་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་། ཁོང་གི་ནང་མི་རྣམས་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་ཧྲིལ་པོ་ ༢༡ འཁོར་བའི་དུས་ཚིགས་སྲུང་བརྩི་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་། ཕྱི་འབྲེལ་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་སྐལ་ལྡན་མཚོ་མོ་ལགས་དང་ལས་རོགས་བསྟན་འཛིན་བསོད་ནམས་ལགས། ཤེས་རབ་དགའ་ཚལ་སློབ་གྲྭའི་སློབ་སྤྱི་ཚེ་རིང་གཡུ་སྒྲོན་ལགས། དགེ་ཆེ་ཟླ་བ་ཚེ་རིང་ལགས་ཀྱིས་གཙོས་དགེ་རྒན་དང་སློབ་ཕྲུག་བཅས་ཚང་འཛོམས་ཀྱིས་ཐོག་མར། སྐལ་ལྡན་མཚོ་མོ་ལགས་ཀྱིས་ལས་རིམ་འགོ་འཛུགས་གནང་བ་དང་། དེ་རྗེས་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་སློབ་སྤྱི་ཚེ་རིང་གཡུ་སྒྲོན་རྣམ་གཉིས་ཀྱིས་དེ་སྔོན་ཤེས་རབ་དགའ་ཚལ་སློབ་གླིང་དུ་པཎ་ཆེན་རིན་པོ་ཆེ་མཆོག་ལ་རྗེས་དྲན་ཞུ་སླད་རི་མོ་དང་རྩོམ་ཡིག་འགྲན་བསྡུར་གནང་བའི་རྩེ་ཕུད་སོན་པའི་སློབ་མ་རྣམས་ལ་བྱ་དགའ་གནང་གྲུབ་མཚམས། དྲུང་ཆེས་དུས་དྲན་དེ་དང་འབྲེལ་བའི་སྐོར་དགེ་སློབ་རྣམས་ལ་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། དེ་རིང་ང་ཚོ་འདིར་འཛོམས་དགོས་དོན་ནི་ང་རང་ཚོ་བོད་ཀྱི་རླབས་ཆེན་ཅན་གྱི་མི་སྣ་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་གཞུང་གིས་བཙན་ཁྲིད་བྱས་ནས་ལོ་ཉི་ཤུ་རྩ་གཅིག་ཕྱིན་ཡོད། དེར་བརྟེན་ང་ཚོ་འདིར་འཛོམས་ནས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་ལོ་རྒྱུས་དང་གནས་སྟངས་དེ་དག་གཏམ་བཤད་བྱེད་རྒྱུ་དང་། དེ་བཞིན་རྒྱལ་སྤྱིའི་དུས་དྲན་འདི་སྲུང་བརྩི་ཞུ་རྒྱུ། གང་ལྟར་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གི་བཙན་འོག་ནས་གློད་བཀྲོལ་ཡོང་ཆེད་ང་ཚོ་ཚང་མས་ལས་འགུལ་སྤེལ་རྒྱུའི་ཉིན་མོ་ཞིག་ཆགས་ཡོད་སྟབས། ཕྱི་འབྲེལ་ལས་ཁུངས་འགྲོ་བ་མིའི་ཐོབ་ཐང་ཚན་པའི་ངོས་ནས་འདི་ག་ཤེས་རབ་དགའ་ཚལ་སློབ་གླིང་དུ་སློབ་ཕྲུག་རྣམས་ཀྱི་ཁྲོད་རྩོམ་དང་རི་མོ་འགྲན་བསྡུར་གནང་བ་མ་ཟད། སློབ་ཕྲུག་རྣམས་ཀྱི་ཁྲོད་དུ་པཎ་ཆེན་རིན་པོ་ཆེ་མཆོག་གི་སྐོར་ལ་གོ་རྟོགས་གོང་མཐོར་གཏོང་སླད་རྩོམ་འབྲི་དང་རི་མོ་འགྲན་བསྡུར་གནང་བའི་ཁར་བྱ་དགའ་སྤྲད་རྒྱུའི་ལས་འགུལ་ཞིག་སྤེལ་བ་རེེད། དེར་བརྟེན་བྱ་དགའ་ཐོབ་མཁན་རྣམས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་། དེ་མཚུངས་མཉམ་ཞུགས་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ཞེས་དང་།
དེ་རྗེས་དྲུང་ཆེས་མུ་མཐུད་གསུངས་པའི་ནང་། པཎ་ཆེན་སྐུ་ཕྲེང་མཆོག་ཆིག་སྟོང་དགུ་བརྒྱ་བརྒྱད་བཅུ་གྱ་དགུ ཟླ་བ་བཞི་པའི་ཚེས་ཉི་ཤུ་རྩ་ལྔར་བོད་ཀྱི་ས་ཁུལ་ནག་ཆུ་ལྷ་རི་རྫོང་ལ་སྐུ་འཁྲུངས་པ། དགུང་ལོ་དྲུག་ལ་ཕེབས་སྐབས་༸གོང་ས་མཆོག་གིས་པཎ་ཆེན་སྐུ་གོང་མིའི་ཡང་སྲིད་འཁྲུལ་བྲལ་ལ་ངོས་འཛིན་མཛད་ནས་དགེ་འདུན་ཆོས་ཀྱི་ཉི་མ་ཞེས་མཚན་གསོལ་མཛད་པ། མཚན་གསོལ་མཛད་པའི་ཉིན་དྲུག་གི་རྟིང་མཇུག་ཏེ་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་དགུ་བཅུ་གོ་ལྔ། ཟླ་བ་ལྔ་པའི་ཚེས་བཅུ་བདུན་ཉིན་མོར་རྒྱ་ནག་གིས་པཎ་ཆེན་རིན་པོ་ཆེ་མཆོག་དང་ཁོང་གི་ཡབ་ཡུམ་སྐུ་འཁོར་དང་བཅས་བཙན་ཁྲིད་བྱས་ནས་གར་སོང་ཆ་མེད་དུ་གྱུར་ནས་ད་བར་ལོ་ཉི་ཤུ་རྩ་གཅིག་ཕྱིན་པ། པཎ་ཆེན་རིན་པོ་ཆེ་མཆོག་རྒྱ་མིས་བཙན་ཁྲིད་བྱས་ནས་གར་སོང་ཆ་མེད་དུ་གྱུར་དགོས་དོན་ག་རེ་ཡིན་པ་དེ་ང་ཚོ་ཚང་མས་ཤེས་རྒྱུ་གལ་ཆེ་ཡིན་པ། པཎ་ཆེན་སྐུ་གོང་མ་མཆོག་ནི་བོད་མི་རིགས་ལ་ཧ་ཅང་གི་བཀའ་དྲིན་ཆེན་པོ་ཡིན་པ་དང་། ཁོང་རྒྱ་གར་དུ་བྲོས་བྱལ་དུ་ཕེབས་ཐུབ་མེད་ཀྱང་བོད་ནང་བཞུགས་ནས་ཁོང་གིས་རྒྱ་ནག་གི་བཙན་དབང་དེའི་འོག་ནས་བོད་མི་རིགས་དང་། བོད་པའི་ཆོས་དང་རིག་གཞུང་གི་ཆེད་དུ་སྐུ་ངལ་ཧ་ཅང་སྐྱོན་གནང་མཛད་ཡོད་སྐོར།
ལྷག་པར་རྒྱ་ནག་གིས་བོད་ནང་ཡར་རྒྱས་འཛུགས་སྐྲུན་བྱས་པའི་བྱས་རབས་དང་། བོད་མི་རྣམས་ཀླ་ཀློ་ཡིན་པ། ཆེས་མུན་ནག་དང་གདུག་རྩུབ་ཅན་ཞེས་བཤད་ཀྱི་ཡོད་ཀྱང་། པཎ་ཆེན་རིན་པོ་ཆེ་མཆོག་གིས་རྒྱ་ནག་གི་སྲིད་བློན་ཅའོ་ཨན་ལཱ་ཧེ་ལ་རྒྱ་ཡིག་ནང་འཁོད་པའི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ཞིག་འབུལ་བའི་ནང་རྒྱ་མི་བོད་ནང་བསླེབས་ནས་བོད་ལ་ཡར་རྒྱས་འགྲོ་རྒྱུ་ལས་ལྡོག་ཏེ་གཏོར་བཤིག་བཏང་སྐོར་སོགས་གསུངས་པའི་མཛད་རྗེས་དང་། ཁོང་ནི་བོད་ནང་ཡོད་པའི་སྐབས་དེ་དག་གི་བོད་པའི་དཔོན་རིགས་ཚོའི་ནང་ནས་བློ་སྤོབས་ཆེན་པོས་བོད་མི་རིགས་ཆེད་གང་ཞིག་གསུང་དགོས་ཀྱང་བློ་སྤོབས་དང་བཅས་ཏེ་གསུང་ནུས་མཁན་གཅིག་པུ་དེ་ཡིན་པ། དེ་བཞིན་བོད་ནང་རྒྱ་ནག་གིས་གཏོར་བཤིག་ཇི་བཏང་སྐོར། བོད་ནང་ལ་བཞུགས་པའི་རིང་རྒྱ་ནག་ལ་ཁ་གཏད་གཅོག་ནུས་པ་མ་ཟད། པཎ་ཆེན་རིན་པོ་ཆེས་༸གོང་ས་མཆོག་ང་ཡི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་ཡིན། ཞེས་གསུངས་པ་ལ་བརྟེན་ནས་རྒྱ་མིས་འཛིན་བཟུང་བྱས་པ་དང་འཐབ་འཛིང་བཏང་ནས་ལོ་བཅུ་གཅིག་ལྷག་ཙམ་རིང་བཙོན་ཁང་ནང་བཅུག་པ། གློད་བཀྲོལ་ཐོབ་རྗེས་བོད་ཀྱི་གནས་སྟངས་འ་ཆད་འུ་ཐུག་པ་དང་། སེམས་ཤུགས་ཆགས་པའི་གནས་སྟངས་ཁག་པོ་ཞིག་ཡོད་པའི་སྐབས་དེར་པཎ་ཆེན་རིན་པོ་ཆེ་མཆོག་བོད་ཀྱི་ས་ཁུལ་འདྲ་མིན་དུ་ཕེབས་ནས་བོད་མི་རིགས་དེ་གལ་ཆེན་པོ་ཡིན་པ། བོད་ཀྱི་བོད་ཀྱི་ཆོས་དང་རིག་གཞུང་། མི་རིགས་ཀྱི་གོམས་གཤིས་བཟང་པོ་དེ་དག་གལ་ཆེན་པོ་ཡིན་པ་སོགས་གསུངས་ནས་བོད་ནང་སློབ་གྲྭ་མང་པོ་བཙུགས་ཐུབ་པ། དགོན་པ་ཉམས་གསོ། བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་གོང་སྤེལ་གནང་ཐུབ་པ་དེ་ཁོང་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བྱུང་ཐུབ་ཡོད། པཎ་ཆེན་སྐུ་གོང་མ་སྐུ་གཤེགས་པའི་གཤེགས་རྐྱེན་དེལའང་དོགས་པ་མང་པོ་ཡོད་སྐོར། རྒྱལ་བ་པཎ་ཆེན་གཉིས་བླ་སློབ་ཀྱི་འབྲེལ་བ་དམ་ཟབ་ཡོད་པ་དང་། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་ཡང་སྲིད་ངོས་འཛིན་༸གོང་ས་མཆོག་ནས་གནང་སྐོར་སོགས་ཀྱི་སྐོར་གསུངས་གྲུབ་རྗེས་ཕྱི་མི་ཞིག་གིས་སྒྲིག་སྦྱོར་གནང་བའི་ Tibet stolen child ཞེས་པའི་དངོས་བྱུང་གློག་བརྙན་ཞིག་བསྟན་ཏེ་ལས་རིམ་མཇུག་སྒྲིལ། །