༢༠༡༦ ཟླ་ ༥ ཚེས་ ༡༨ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་ ༡༠ ཡང་སྤྲུལ་དུ་ངོས་འཛིན་མཛད་ནས་ཉིན་གསུམ་གྱི་རྗེས་ཏེ། ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༧ ཉིན་རྒྱ་ནག་གཞུང་གིས་ཡང་སྤྲུལ་རིན་པོ་ཆེ་མཆོག་དང་ཡབ་ཡུམ་སོགས་བཙན་ཁྲིད་བྱས་རྗེས་གར་སོང་ཆ་མེད་དུ་གྱུར་ནས་ད་བར་མི་ལོ་ ༢༡ ཕྱིན་པར་བརྟེན། ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༡༧ རེས་གཟའ་མིག་དམར་ཉིན་རྡ་ས་མེག་གན་དུ་རྟེན་གཞི་བྱས་པའི་བོད་ཀྱི་གསོལ་མགྲོན་ཁང་ Hotel Tibet དུ་བོད་མི་མང་སྤྱི་འཐུས་ཨཱཅརྱ་ཡེ་ཤེས་ཕུན་ཚོགས་ལགས་དང་རྒྱ་གར་གྱི་མཁས་དབང་རྩོམ་པ་པོ་སྐུ་ཞབས་པི་ཨེན་ཤརྨ་མཆོག ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཇེ་སིངྒ་མན་ཀོ་ཊི་ཡ་ལགས། ཕྱི་དྲིལ་མཉམ་འབྲེལ་རྒྱལ་ཚོགས་དང་ཡུ་རོབ་མཐུན་ཚོགས། འགྲོ་བ་མིའི་ཐོབ་ཐང་ཚན་པའི་ལས་བྱེད་སྐལ་ལྡན་མཚོ་མོ་ལགས། རྡ་ས་ས་གནས་འགོ་འཛིན་ལས་ཚབ་ཚེ་རིང་ལྷོ་མོ་ལགས་བཅས་དབུ་བཞུགས་ཐོག ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་ ༢༡ འཁོར་བའི་རྗེས་དྲན་དང་འབྲེལ་བའི་བགྲོ་གླེང་གཟབ་རྒྱས་ངང་བསྐོང་ཚོགས་གནང་འདུག སྐབས་དེར་བོད་མི་མང་སྤྱི་འཐུས་ཁག་གཅིག་དང་། དབུས་བུད་མེད་ཚོགས་པའི་ཚོགས་གཙོས་གཙོས་ཚོགས་མི་རྣམ་པ། རྡ་ས་གྲོང་སྡེ་ལས་ཁུངས་ཀྱི་འཐུས་མི་དང་། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་བཅས་ཚང་འཛོམས་ཐོག་ལས་རིམ་དབུ་འཛུགས་གནང་འདུག སྐབས་དེར་རྩོམ་པ་པོ་མཁས་དབང་སྐུ་ཞབས་པི་ཨེན་ཤརྨ་མཆོག་གིས་གསུང་བཤད་གནང་དོན།
ངོ་ཚ་ཁྲེལ་གཞུང་མེད་པའི་རྒྱ་ནག་གཞུང་གིས་བོད་ས་ཧམ་བཟས་བྱ་པ་ཙམ་མ་ཟད། བོད་ཀྱི་ཆོས་དང་རིག་གཞུང་གཏོར་བཤིག་བཏང་བ་དང་། བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་འཚོལ་སྟངས་ཀྱི་ལམ་ལུགས་ལ་ཐེ་བྱུས་བྱེད་བཞིན་ཡོད། ༸རྒྱལ་དབང་དང་པཎ་ཆེན་རྣམ་གཉིས་ཕན་ཚུན་ཡང་སྤྲུལ་ངོས་འཛིན་མཛད་རེས་དང་བསླབ་པ་སློབ་གཉེར་གསན་བསམ་མཛད་རེས་ཀྱི་སྲོལ་རྒྱུན་ཁྱད་པར་བ་ཞིག་ཡོད་ཀྱང་། ད་ཆ་ཆོས་མེད་སྨྲ་བའི་རྒྱ་ནག་གུང་ཁྲན་ཏང་གིས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱ་རྒྱུའི་བདག་དབང་ཆ་ཚང་ཁོ་པ་ཚོར་ཡོད་ཚུལ་བཤད་ནས་ཆོས་མེད་སྨྲ་བའི་རྒྱ་ནག་གུང་ཁྲན་ཏང་གིས་ཆོག་མཆན་མེད་པར་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་གཅིག་ཀྱང་ངོས་འཛིན་མི་ཆོག་པའི་བཙན་བཀའ་བསྒྲགས་ཡོད། རྒྱ་ནག་གུང་ཁྲན་ལྟ་བུར་མཚོན་ན་ཆོས་མེད་སྨྲ་བ་ཡིན་སྟབས་བོད་བརྒྱུད་ནང་བསྟན་ཐོག་ཐེ་བྱུས་བྱ་རྒྱུའི་ཐོབ་ཐང་རྩ་བ་ནས་མེད། རྒྱ་ནག་གཞུང་གིས་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་མི་ལོ་ ༢༡ རིང་བཙན་དབང་འོག་དོ་དམ་བཀག་ཉར་བྱེད་བཞིན་པའི་བྱ་སྤྱོད་དེ་ནི་འགྲོ་བ་མིའི་བཟང་སྤྱོད་དང་ཡོངས་སུ་འགལ་བ་རེད། དེང་སྐབས་རྒྱ་ནག་གུང་ཁྲན་ཏང་ཡོན་ངོ་ཚ་ཁྲེལ་གཞུང་བྲལ་བ་དེ་དག་གི་སྲིད་བྱུས་དང་བྱ་སྤྱོད་ལ་གདོང་ལེན་གནང་མཁན་ནང་རྒྱ་རིགས་ཁྲིམས་རྩོད་པ་དང་ཤེས་ལྡན་མི་སྣ་སོགས་གང་ཙམ་ཡོད། ཁོང་རྣམས་བོད་ཀྱི་༸གོང་ས་ཏཱ་ལའི་བླ་མ་མཆོག་མཇལ་ཆེད་རྡ་སར་བཞུགས་སྒར་དུ་ཕེབས་ནས་༸གོང་ས་མཆོག་གི་སྐུ་དྲུང་ནས་བཀའ་སློབ་ཞུ་བ་དང་སྦྲགས། རང་ཉིད་ཀྱི་བསམ་ཚུལ་རྣམས་དངོས་ཡོད་ཀྱི་ལམ་ནས་སྙན་སེང་ཞུས་པ་སོགས་བྱུང་ཡོད། དེར་བརྟེན་རྒྱ་ནག་གཞུང་གི་སྲིད་བྱུས་ལ་གདོང་ལེན་བྱེད་མཁན་ཡོད་སྟབས་སྔ་ཕྱི་མ་གཏོགས་རྒྱ་ནག་དམར་པོའི་སྲིད་གཞུང་ཡང་གཅིག་བསྡུས་དབང་འཛིན་གཞན་དང་གཅིག་མཚུངས་སུ་མགོ་རྟིང་བསློག་རྒྱུ་ངེས་པ་རེད། ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བར་བརྟེན་རྣམ་སྨིན་གྱི་འབྲས་བུ་མྱོང་རྒྱུ་ངེས་པ་རེད། ཅེས་གསུངས།
གཞན་ཡང་སྐབས་དེར་སྐལ་ལྡན་མཚོ་མོ་ལགས་ཀྱིས་༸གོང་ས་མཆོག་གིས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་ཐོག་མར་པཎ་ཆེན་སྐུ་གོང་མའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་མཛད་སྟངས་དང་རྒྱ་ནག་གཞུང་གིས་རྣམ་འགྱུར་སྟོན་སྟངས། པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་བར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གིས་གཙོས་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་གིས་རྣམ་འགྱུར་བསྟན་པ་དང་། དེར་རྒྱ་ནག་གཞུང་གིས་ཡར་ལན་སྤྲོད་སྟངས་བཅས་གནད་དོན་གསུམ་གཞི་རྩར་བཟུང་ནས་བགྲོ་གླེང་གནང་བ་མ་ཟད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལུགས་ལྟར་ན་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་གྱུར་བའི་གནད་དོན་དེར་ཁྲིམས་མཐུན་གནས་བབ་ཐོག་ནས་ཐག་གཅོད་ཇི་འདྲ་ཞིག་གནང་དགོས་མིན་དང་། རྒྱལ་སྤྱིའི་སྤྱི་ཚོགས་དང་སྲིད་གཞུང་ཁག་གིས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་ནས་རྒྱལ་སྤྱིའི་བྱིས་པའི་ཐོབ་ཐང་སྲུང་སྐྱོབ་ཚན་པའི་སྐུ་ཚབ་མཆོག་ལ་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་དང་ནང་མི་རྣམས་མཇལ་ནས་གནས་སྟངས་ཇི་འདྲ་ཡོད་མིན་ཤེས་རྟོགས་ཐུབ་རྒྱུའི་གོ་སྐབས་ཤིག་མགྱོགས་མྱུར་སྐྲུན་དགོས་པའི་རེ་འདུན་ཡང་གནང་བ་མ་ཟད། ད་བར་རྒྱ་ནག་གཞུང་གིས་པཎ་ཆེན་རིན་པོ་ཆེ་མཆོག་དང་ཁོང་གི་ནང་མི་རྣམས་ཀྱི་གནས་སྟངས་སྐོར་འདྲི་སྐབས་གསལ་བཤད་གང་ཉུང་བྱས་ནས་རིན་པོ་ཆེ་མཆོག་སྐུ་གཟུགས་བདེ་ཐང་ཡིན་ཚུལ་ཙམ་བཤད་ནས་ཁ་བྲལ་བ་ཚོས་ཁོང་བཙན་ཁྲིད་བྱ་རྒྱུའི་ཉེན་ཁ་ལས་གཡོལ་ཆེད་གསང་ཉར་བྱེད་ཚུལ་བཤད་བཞིན་ཡོད། ཅེས་གསུངས། །