༢༠༡༦ ཟླ་ ༥ ཚེས་ ༡༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༡༦ ཉིན་བོད་མིའི་སྒྲིག་འཛུགས་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་གཞུང་འབྲེལ་ལས་དོན་ཡོངས་སུ་ལེགས་གྲུབ་བྱུང་འདུག དེ་ཡང་ཕྱི་ཚེས་ ༡༠ ཉིན་བཀའ་བློན་མཆོག་གིས་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ལྔའི་ས་གནས་འགོ་འཛིན་དང་སྤྱི་མཐུན་མཉམ་འབྲེལ་གྱི་འགན་འཛིན་བཅས་དང་ལྷན་ཚོགས་གནང་བ་མ་ཟད། ཀར་ན་ཊ་ཀ་མངའ་སྡེའི་གཞུང་འབྲེལ་གནད་ཡོད་མི་སྣ་ཁག་གཅིག་དང་མཇལ་འཕྲད་ཀྱིས་ས་གནས་བོད་མི་བཙན་བྱོལ་བ་རྣམས་ལ་བཙན་བྱོལ་བོད་མིར་མཐུན་རྐྱེན་འབྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ཕྱི་ལོ་ ༢༠༡༤ ལག་བསྟར་གནང་ཕྱོགས་སྐོར་གོ་བསྡུར་ཞིབ་ཕྲ་གནང་མཐར་ནང་སྲིད་བཀའ་བློན་མཆོག་གིས་ཀར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ཨར་ཝིནྡ་ཇ་ཌོབ་ Arvind Jadhav མཆོག་དང་མཇལ་འཕྲད་གནང་ནས་སྦེལ་ཀོབ་དང་ཀོ་ལེ་གལ།
དེ་བཞིན་མོན་གྷོ་བོད་མིའི་གཞིས་ཆགས་བཅས་ཀྱི་ལམ་ཆུ་གློག་གསུམ་དང་འབྲེལ་བའི་འཛུགས་སྐྲུན་ལས་གཞི་མཇུག་སྐྱོང་ལག་བསྟར་སླད་མེ་སོར་དང་ཅམ་རཱཇ་ན་གར། དེ་བཞིན་ཀར་ཝར་སོགས་འབྲེལ་ཡོད་རྫོང་དཔོན་རྣམས་ལ་སྐུལ་ལྕག་གནང་དགོས་པའི་འབོད་སྐུལ་ཞུས་འདུག སྤྱི་ཁྱབ་དྲུང་ཆེ་མཆོག་ནས་ཁྲལ་བསྡུའི་ལས་ཁུངས་བརྒྱུད། དབུས་བོད་མིའི་ངལ་སེལ་ཚོགས་པ་དང་ཀར་ན་ཊ་ཀ་མངའ་སྡེའི་སྲིད་གཞུང་དབར་ས་ཞིང་འབོགས་གཏོང་གི་གན་རྒྱ་བཞག་པ་རྣམས་དངོས་སུ་ལག་བསྟར་གནང་ཆེད་ལམ་སྟོན་གང་མགྱོགས་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་ཞུས་འདུག ཕྱོགས་མཚུངས་བཀའ་བློན་མཆོག་ནས་སྤྱི་ཁྱབ་དྲུང་ཆེ་མཆོག་ལ་མོན་གྷོ་གཞིས་ཆགས་ཀྱི་གཞུང་ལམ་བསྐྱར་གསོའི་ཆེད་ཧིན་སྒོར་འབུམ་ ༣༠ གསོལ་སྩལ་ཡོང་བའི་འབོད་སྐུལ་ཡང་ཞུས་གནང་འདུག ཕྱི་ཚེས་ ༡༣ ཉིན་རྒྱ་གར་ལྷོ་གཞིས་ཁག་ལྔ་དང་ས་གནས་དགོན་སྡེ་གྲྭ་ཚང་། ས་འཐུས། སྤྱི་མཐུན་མཉམ་འབྲེལ་ཁག་ལྔ། ས་གནས་རང་བདེན་ཚོགས་ཆུང་། བརྒྱ་དཔོན་རྣམས་དང་།
དེ་བཞིན་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་བཅས་ཀྱིས་གོ་སྒྲིག་འོག་ནང་སྲིད་བཀའ་བློན་མཆོག་གིས་བཀའ་བློན་གྱི་ལས་ཁུར་ཞུས་པ་ནས་བཟུང་གཞིས་ཆགས་ཁག་གི་གཙོས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཡར་རྒྱས་ཚགས་ཚུད་ཡོང་སླད་གཟེངས་སུ་ཐོན་པའི་བྱས་རྗེས་བཞག་པར་ངོས་འཛིན་ཞུ་ཆེད་གཟེངས་བསྟོད་ཀྱི་བྱ་དགའ་ཞིག་འབུལ་ལམ་ཞུས་འདུག སྐབས་དེར་ལྷོ་སྤྱི་དང་། ལྷོ་གཞིས་ཁག་ལྔའི་ས་གནས་འགོ་འཛིན་རྣམ་པ་བཅས་སྐུ་མགྲོན་དུ་མགྲོན་འབོད་ཞུས་ཡོད་འདུག ཕྱི་ཚེས་ ༡༤ ཉིན་ནང་སྲིད་བློན་མཆོག་བྷེང་ལོར་བརྒྱུད་རྡ་སར་ཕེབས་ཐོན་གནང་ཡོད་པ་བཅས།།