༢༠༡༦ ཟླ་ ༥ ཚེས་ ༣༠ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༢༨ ཉིན་བཞུགས་སྒར་རྡ་སར་རྟེན་གཞི་བྱས་པའི་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་མི་ལོ་ ༥༧ འཁོར་བའི་དུས་དྲན་དང་བསྟུན་རྒྱ་ལུ་རུ་ཁག་དང་རྔོན་པ་རུ་ཁག་གཉིས་དབར་རྐང་བྲོ་གླུ་གཞས་འགྲན་བསྡུར་གནང་སྟེ་རྔོན་པ་རུ་ཁག་ལ་ཐེངས་འདིའི་རྐང་བྲོ་གླུ་གཞས་ཀྱི་རྒྱལ་ཁ་ཐོབ། དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢།༠༠ ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་དང་ཁྲིམས་ཞིབ་པ་གཞན་མཆོག སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གཙོས་བཀའ་བློན་རྣམ་པ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་མཆོག་གིས་དབུས་རྒྱུན་ལས་ཁག་གཅིག རང་དབང་ཅན་གྱི་ལས་ཁུངས་ཁག་གི་འགན་འཛིན་རྣམ་པ། དེ་མིན་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་དང་སྐུ་མགྲོན་གཞན་བཅས་མི་གྲངས་ ༣༥༠ བརྒལ་བ་ལྷན་འཛོམས་ཀྱིས་ཐོག་མར་བོད་རྒྱལ་ཁབ་ཀྱི་དོན་དུ་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་པ་ཕོ་མོ་རྣམས་ལ་གདུང་སེམས་མཉམ་སྐྱེ་ཆེད་མྱ་ངན་གུས་འདུད་ངག་བཅད་སྐར་མ་གཅིག་རིང་ཞུས།
དེ་རྗེས་ཟློས་གར་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ཀྱིས་དུས་དྲན་ངོ་སྤྲོད་ཀྱི་གསུང་བཤད་གནང་། དེ་ནས་སྒྱུ་རྩལ་སློབ་ཁྲིད་འགན་འཛིན་བློ་བཟང་བསམ་གཏན་ལགས་ཀྱིས་རུ་ཁག་གཉིས་དབར་རྐང་བྲོ་གླུ་གཞས་འགྲན་བསྡུར་གྱི་ཟུར་དཔང་རྣམས་ངོ་སྤྲོད་གནང་རྗེས་རྒྱ་ལུ་རུ་ཁག་དང་རྔོན་པ་རུ་ཁག་གཉིས་དབར། རྐྱང་གཞས་དང་། འཁྲབ་གཞས། མཉམ་གཞས། དེ་བཞིན་གཏམ་བརྗོད་བཅས་འགྲན་བསྡུར་གནང་མཐར་རྔོན་པ་རུ་ཁག་གིས་རྒྱལ་ཁ་བླངས།
དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གིས་བོད་ཀྱི་ཟློས་གར་ཚོགས་པར་ཞབས་ཞུ་བསྒྲུབས་ནས་ལོ་ངོ་ ༢༠ འཁོར་བའི་ལས་བྱེད་བསྟན་འཛིན་ལགས་ལ་ལེགས་གསོའི་ཕྱག་ཁྱེར་གནང་། ཟུར་དཔང་རྣམས་ལ་ཐུགས་རྗེ་ཆེ་ཞུའི་ལེགས་སྐྱེས། འགྲན་བསྡུར་གྱི་བྱ་དགའ་བཅས་གསོལ་རས་གནང་གྲུབ་བསྟུན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། དེ་རིང་དབྱར་སྐྱིད་ཀྱི་བརྗོད་གཞི་དེ་ཆིག་སྒྲིལ་ཡིན་ཞེས་གསུངས་པ་རེད། གཞས་སྣ་ཟེར་བ་དེ་འཛམ་གླིང་སྤྱི་ཡོངས་ནང་ཆིག་སྒྲིལ་གྱི་ནུས་པ་སྟོན་ཐུབ་མཁན་ཞིག་ཆགས་ཡོད། རིག་གཞུང་། མི་རིགས། རྒྱལ་ཁབ་སོགས་ཀྱི་ས་མཚམས་མེད་པར་ཆིག་སྒྲིལ་གྱི་ནུས་པ་འདོན་མཁན་དེ་གཞས་སྣ་ཆགས་ཡོད། བཤད་སྲོལ་ཞིག་ལ། ལྷ་ཡུལ་དང་འཛམ་གླིང་བར་ལ་ཡོད་པ་འདི་གཞས་སྣ་རེད། ཅེས་བརྗོད་ཀྱི་ཡོད།
ད་བར་དུ་བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་གཙོས་པའི་ལས་བྱེད་ཚང་མས་སྲོལ་རྒྱུན་གྱི་རིག་གཞུང་བཟང་པོ་དེ་ཉར་ཚགས་ཐུབ་པ་ཧ་ཅང་གི་བྱས་རྗེས་ཆེན་པོ་རེད། གང་ཡིན་བརྗོད་ན་རྒྱ་ནག་གཞུང་གི་སྲིད་བྱུས་གཏིང་གནག་ཤོས་ནི། རིག་གཞུང་འགྱུར་ཐུབ་པ་ཡིན་ན། བོད་པ་དང་རྒྱ་མི་ཞེས་མི་རིགས་ཀྱི་དབྱེ་བ་ཕྱེ་མ་ཐུབ་པར་ཆགས་ཀྱི་རེད། ཅེས་ཉེ་བའི་ཆར་བོད་ནང་སྲོལ་རྒྱུན་གྱི་གཞས་གཏོང་རྒྱུ་དང་འཁྲབ་རྒྱུ་དར་སྲོལ་ཧ་ཅང་ཆེན་པོ་ཡོང་གི་ཡོད། ཕལ་ཆེར་ལོ་ ༡༠།༡༥ སྔོན་ལ་སེམས་འཚབ་བྱེད་ས་ཤིག་ནི་རྒྱ་ནག་གཞུང་གིས་སྲིད་བྱུས་འོག་བོད་ཀྱི་གཞས་པ་གཞས་མ་ཚོ་རྒྱ་ནག་ནང་དུ་ཁྲིད་ནས་སློབ་གསོ་སྦྱོང་བརྡར་སྤྲད་ནས་གཞས་སྣ་འཁྲབ་སྟངས་དང་། འཁྲབ་ཆས། གཞས་ཀྱི་གདངས་ཚུན་ཆད་རྒྱ་མི་རིགས་ནང་བཞིན་བྱེད་བཅུག་ཡོད། དེའི་དམིགས་ཡུལ་ནི་བོད་རིགས་རྣམས་མཐར་བོད་དུ་བོད་གཞས་དང་བོད་ཀྱི་རིག་གཞུང་འཁྲབ་སྟོན་བྱེད་སྐབས་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཡུལ་སྐོར་སྤྲོ་འཆམ་པ་དང་། གནད་ཡོད་མི་སྣ་སོགས་སུ་ཕེབས་ཀྱང་བོད་ཀྱི་རིག་གཞུང་ཟེར་དུས་རྒྱ་མིའི་རིག་གཞུང་ལྟར་མཐོང་བའི་བག་ཆགས་འཇོག་ཐུབ་ཆེད་ཡིན། ཉན་སྐབས་སུའང་རྒྱ་སྐད་ནང་བཞིན་ཡོང་བ་ཞིག་དང་། བོད་དང་རྒྱ་མི་གཉིས་ཐ་དད་མིན་པའི་རྣམ་པ་འདོན་ཆེད་སྲིད་བྱུས་དེ་འདྲ་ལག་བསྟར་བྱེད་བཞིན་ཡོད།
འོན་ཀྱང་ཉེ་བའི་ཆར་བོད་ནང་གི་གཞས་པ་ཚོས་གཞས་གཏོང་སྐབས་༸གོང་ས་མཆོག་ལ་བསྟོད་བསྔགས་དང་། དད་གུས། བརྩི་བཀུར། བོད་ཀྱི་ལ་རྒྱ། མི་རིགས་ཀྱི་ཞེན་ཁོག་དགོས་པ། ཆོས་ལ་དད་པ་བྱེད་དགོས་པ་སོགས་ཀྱི་གནད་དོན་དང་འབྲེལ་བའི་བོད་ནང་གཞས་གཏོང་མཁན་ཚོ་ཡིན་ནའང་ཧ་ཅང་སྐུ་ལས་སྐྱོན་གྱི་ཡོད། སོ་སོའི་ལུས་སོགས་གཉིས་ཀར་ཉེན་ཁ་ཡོད་རེད་དེ། སོ་སོའི་སྲོག་ལ་ཉེན་ཁ་ཡོད་མིན་ལ་མ་ལྟོས་པར་སྐུ་ལས་སྐྱོན་བཞིན་ཡོད་སྟབས། བོད་སྤྱི་པའི་རྩ་དོན་གྱི་ཆེད་དུ་ཡིན་ནའང་། བོད་ནང་གི་གཞས་པ་ཚོས་ཐུགས་ཕན་གསོ་བའི་ཞབས་འདེགས་བསྒྲུབ་བཞིན་ཡོད། གཙོ་ཆེ་༸གོང་ས་མཆོག་གིས་དུས་རྒྱུན་དུ་རིག་གཞུང་སྲུང་སྐྱོབ་བྱ་དགོས་རེད། ཅེས་བཀའ་སློབ་ལམ་སྟོན་སྩལ་བའི་དགོངས་དོན་ལྟར་བོད་ཕྱི་ནང་གཉིས་ནས་རང་གི་རིག་གཞུང་སྲུང་སྐྱོབ་བྱས་དང་བྱེད་མུས་རེད།
དེར་བརྟེན་བོད་ནང་གི་གཞས་པ་གཞས་མ་ཚོར་སྙིང་ཐག་པ་ནས་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། དེ་བཞིན་དེ་རིང་དབྱར་སྐྱིད་ཀྱི་བརྗོད་གཞི་གཙོ་བོ་ཆིག་སྒྲིལ་བདམས་པ་འདི་ནི་དུས་ཐོག་ཆར་པ་ལྟ་བུ་རེད། ཁ་སང་༸གོང་ས་མཆོག་ནས་ཆོལ་ཁ་གསུམ་ཆིག་སྒྲིལ་བྱེད་དགོས་པའི་བཀའ་སློབ་ཕེབས་པ་ལྟར་ང་ཚོ་ཚང་མས་ཆིག་སྒྲིལ་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་ཀྱི་གསུང་བཤད་གྲུབ་རྗེས་མཛད་སྒོ་རྒྱལ་ཁའི་ངང་མཇུག་སྒྲིལ། །