༢༠༡༦ ཟླ་ ༥ཚེས་ ༢༦ རེས་གཟའ་ཕུར་བུ།
༄༅། །བོད་རྒྱལ་ལོ་ ༢༡༤༣ རབ་གནས་མེ་སྤྲེལ་ལོའི་བོད་ཟླ་ ༤ ཚེས་ ༢༡ དང་། ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༢༧ ཉིན་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་དབུས་སུ། བོད་མི་མང་ཚོགས་ཀྱིས་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གི་དམ་འབུལ་མཛད་སྒོ་གཟབ་རྒྱས་ངང་ཚོགས་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་སྲིད་སྐྱོང་མཆོག་གིས་གནས་ཆུང་གྲྭ་ཚང་དང་། དགའ་གདོང་གྲྭ་ཚང་། གཙུག་ལག་ཁང་བཅས་སུ་རིམ་བཞིན་མཆོད་མཇལ་དུ་ཕེབས་རྗེས་ཆུ་ཚོད་ ༩།༣༠ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། གནད་ཡོད་སྐུ་མགྲོན་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་པ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། ཕྱི་ནང་གི་གསར་འགོད་པ། བཞུགས་སྒར་ཁུལ་གནས་རིས་མེད་ཆོས་སྡེ་ཁག་གི་གྲྭ་བཙུན་སྔགས་གསུམ། གཞན་ཡང་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་གྲྭ་བཙུན་སྔགས་གསུམ། དེ་བཞིན་མི་མང་། ཕྱི་རྒྱལ་བ་སོགས་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བ་ལྷན་འཛོམས་ཀྱིས་ཐོག་མར། ཁྲིམས་ཞིབ་པ་ཆེ་བ་མཆོག་དང་སྤྱི་འཐུས་ཚོགས་གཙོ་མཆོག སྲིད་སྐྱོང་མཆོག་བཅས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་ནས་སྤོས་སྣེས་སྔོན་བསུས་ཏེ་བཞུགས་སྟེགས་སུ་༸ཞབས་སོར་འཁོད་བསྟུན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ལས་ཐོག་མཆོག་གིས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་གུས་བསུའི་མཇལ་དར་རྐྱང་འབུལ་ཞུས། དེ་ནས་བོད་དང་རྒྱ་གར་གྱི་རྒྱལ་དར་སྒྲེང་འཛུགས་གནང་མུར། བོད་ཀྱི་ཟློས་གར་ཚོགས་པ་ནས་རྔ་རོལ་དང་བཅས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་བཏང་གྲུབ་བསྟུན། རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་དགེ་འདུན་བཞི་གྲས་ཤིས་བརྗོད་གསུང་འདོན་གནང་།
དེ་རྗེས་རྟེན་བྱུང་གསོལ་ཇ་དང་འབྲས་སིལ་འདེགས་འབུལ་ཞུས་ཏེ་བོད་ཀྱི་ཟློས་གར་ཚོགས་པས་རྟེན་འབྲེལ་མཚོན་ཕྱིར་ནང་མ་བཀྲ་ལ་ཤིས་པའི་ཞབས་གཞས་འཁྲབ་སྟོན་ཞུས་གྲུབ་མཚམས། བདམས་ཐོན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གི་མདུན་ནས་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར། སྲིད་སྐྱོང་གི་ལས་འཁུར་དང་གསང་རྒྱའི་དམ་བཅའ་རིམ་བཞིན་འབུལ་བཞེས་གྲུབ་བསྟུན། ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་སྲིད་སྐྱོང་མཆོག་ལ་རྟེན་འབྱུང་མཇལ་དར་བསྒྲོན་རྗེས་དམ་འབུལ་མ་དེབ་ཐོག་མཚན་རྟགས་བཀོད་གནང་།
དེ་ནས་ཁྲིམས་ཞིབ་པ་ཆེ་བ་མཆོག་དང༌སྲིད་སྐྱོང་མཆོག་རྣམ་གཉིས་ནས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཕྱག་ཞུས་རྗེས། ཁྲིམས་ཞིབ་པ་གཞན་གཉིས་དང༌། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་རྣམ་གཉིས། སྐབས་བཅུ་བཞི་པའི་བཀའ་ཤག་གི་བཀའ་ཟུར་རྣམ་པ་བཅས་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཕྱག་ཞུས་རྗེས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་གཉིས་དང༌། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་བཅས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་ཞུའི་མཇལ་དར་འབུལ་བ་དང་ལྷན་བོད་ཀྱི་ཟློས་གར་ཚོགས་པ་ནས་དགའ་བསུའི་གླུ་གཞས་འབུལ་ལམ་ཞུས། དེ་རྗེས་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་སྲིད་སྐྱོང་གི་ལས་ཡུན་གསར་པ་དབུ་འཛུགས་ཀྱི་གསུང་བཤད་གནང་གྲུབ་བསྟུན། མཛད་སྒོའི་གཙོ་མགོན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ། ཕྱི་ནང་གསར་འགོད་པ་རྣམས་ལ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་སྲིད་སྐྱོང་རྣམ་གཉིས་ལྷན་བཞེངས་ཀྱི་སྐུ་པར་སྒྲོན་རྗེས་བོད་ཀྱི་ཟློས་གར་ཚོགས་པས་ལྷོ་ཁ་གནམ་རབ་ཀྱི་འཁྲབ་གཞས་ཞེས་པ་ཞིག་གཟིགས་འབུལ་ཞུས་རྗེས་སྲིད་སྐྱོང་གི་དམ་འབུལ་གྱི་མཛད་སྒོ་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་ཡོད་པ་བཅས།།