༢༠༡༦ ཟླ་ ༥ ཚེས་ ༢ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༡ ཉིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་རྡ་ས་མེག་གྷན་བཙུན་དགོན་དགེ་ལྡན་ཆོས་གླིང་དུ་དགེ་བཤེས་མའི་རྒྱུགས་སྤྲོད་སྐབས་བཞི་པ་དེ་ཉིད་དབུ་འཛུགས་གནང་སོང་། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་བཙུན་དགོན་ཁག་ལྔ་སྟེ་རྡ་ས་དགེ་ལྡན་ཆོས་གླིང་། སྒྲོལ་མ་གླིང་། འཇམ་དབྱངས་ཆོས་གླིང་། བལ་ཡུལ་ཀོ་པཎ། བྱང་ཆུབ་ཆོས་གླིང་། བཅས་ཀྱི་ལོ་རིམ་དང་པོ་ནས་བཞི་པའི་བར་གྱི་བཙུན་མ་གྲངས་ ༤༤ ནས་ཚད་མའི་རྩོད་རྒྱུགས་དང་འབྲི་རྒྱུགས་ཐོག་ཆ་ཤས་བླངས་ཡོད། ཐོག་མར་ལོ་རིམ་དང་གཉིས་གཉིས་ཀྱི་བཙུན་མ་རྣམ་པས་འབྲི་རྒྱུགས་འགོ་འཛུགས་གནང་བ་དང་། ཚད་མའི་རྩོད་རྒྱུགས་བཞེས་མཁན་འབྲས་སྤུངས་བློ་གསལ་གླིང་གི་ལྷ་རམས་དགེ་བཤེས་ཚེ་རིང་དར་རྒྱས་ལགས། འབྲས་སྤུངས་སྒོ་མང་ལྷ་རམས་དགེ་བཤེས་བསམ་གཏན་ཚེ་རིང་ལགས། དགའ་ལྡན་བྱང་རྩེའི་ལྷ་རམས་དགེ་བཤེས་འཆི་མེད་བསྟན་འཛིན་ལགས། སེ་ར་བྱེས་ཀྱི་ལྷ་རམས་དགེ་བཤེས་ཐུབ་བསྟན་ཆོས་གྲགས་བཅས་བཞི་དབུ་བཞུགས་ཐོག་ལོ་རིམ་གསུམ་པ་དང་བཞི་པ་གཉིས་ཀྱི་བཙུན་མས་ཚད་མའི་རྩོད་རྒྱུགས་འབུལ་འགོ་བཙུགས། རྒྱུགས་སྤྲོད་སྐབས་བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་གཙོས་ཆོས་རིག་དྲུང་ཆེ་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས། ཟུང་དྲུང་ཐུབ་བསྟན་ཚེ་རིང་ལགས། དེ་བཞིན་འབྲེལ་ཡོད་ལས་བྱེད་གཅིག་དང་དགེ་ལྡན་ཆོས་གླིང་བཙུན་དགོན་གྱི་ལས་བྱེད། གསར་འགོད་པ་བཅས་མཉམ་ཞུགས་གནང་འདུག
སྐབས་དེར་གསར་འགོད་པར་བཀའ་བློན་མཆོག་གིས་དགེ་བཤེས་མའི་རྒྱུགས་སྤྲོད་ལས་རིམ་སྐོར་ངོ་སྤྲོད་གནང་དོན། དེ་རིང་གི་དགེ་བཤེས་མའི་རྒྱུགས་སྤྲོད་འདི་ལོ་རིམ་བཞི་པ་དེ་ཡིན་སྟབས། སྤྱིར་བཏང་ ༡༩༩༥ ནས་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་གིས་དགེ་བཤེས་མའི་རྒྱུགས་སྤྲོད་གཏོང་དགོས་ཀྱི་འདུག དེ་ཧ་ཅང་གལ་ཆེན་པོ་འདུག་ཅེས་བཀའ་སློབ་རབ་དང་རིམ་པར་ཕེབས་ཡོད། ཡིན་ནའང་དགེ་ལུགས་ནང་ལ་དཀའ་ངལ་ཅུང་འཕྲད་ཡོད་པ་རེད། ཕྱི་ལོ་ ༢༠༡༡ ལོའི་ཕྱི་ཟླ་ ༩ བའི་ནང་ཆོས་བརྒྱུད་ཁག་གི་ཚོགས་འདུ་འཚོགས་སྐབས་བཀའ་མོལ་བྱུང་བ་རེད། སྐབས་དེར་དགེ་ལུགས་ནང་ལ་དགེ་བཤེས་མ་གཏང་རྒྱུ་དེ་ཆོས་འདུལ་བའི་རིགས་ཤིག་ནས་དཀའ་ངལ་ཞིག་འཕྲད་ཀྱི་ཡོད་པ་རེད། དེ་མིན་གཞན་རྙིང་མ་དང་ས་སྐྱ། བཀའ་བརྒྱུད་སོགས་ཆོས་བརྒྱུད་གཞན་ཁག་ལ་དཀའ་ངལ་གང་ཡང་ཡོད་པ་མ་རེད། ཁོང་ཚོར་སློབ་དཔོན་མ་དང་རབ་འབྱམས་མ་སོགས་བྱུང་འདུག དགེ་ལུགས་ནང་བྱུང་ཐུབ་ཡོད་པ་མ་རེད། ཡིན་ནའང་སྐབས་དེ་དུས་ང་ཆོས་རིགས་བཀའ་བློན་ཡིན་པའི་ཆ་ནས་ངས་གསལ་བཤད་ཅིག་བྱས་པ་ཡིན། སྤྱིར་བཏང་ང་ཚོ་བོད་ནང་ལ་ཕོ་མོ་དབྱེ་འབྱེད་ཧ་ཅང་བྱུང་འདུག་ཅེས་དེ་ལ་ངས་རྩོད་གླེང་བྱས་མྱོང་། ང་ཚོ་བོད་ནང་དུ་དེ་རིགས་དམིགས་སུ་བཀག་པ་དེ་འདྲ་གང་ཡང་བྱུང་མེད། གོམས་གཤིས་ཐོག་ནས་དགེ་བཤེས་མ་མེད་པ་དེ་འདྲ་ཆགས་པ་རེད། ཡིན་ན་ཡང་རྒྱ་གར་དུ་བསླེབས་ནས་སློབ་སྦྱོང་བྱས་པ་དེ་འདྲ་རེད། ང་ཚོས་༸སྐྱབས་མགོན་རིན་པོ་ཆེ་མཆོག་གིས་བཀའ་སློབ་ཕེབས་པ་གཞིར་བཞག་སྟེ་ཕྱི་ལོ་ ༢༠༡༢ ལོའི་ཕྱི་ཟླ་ ༥ བའི་ནང་ཚོགས་འདུ་ཚོགས་ནས་གཏན་འབེབས་བྱས་ཏེ་ལག་བསྟར་བྱས་པ་ཞིག་རེད། དེ་རིང་འདིར་མི་ལོ་ ༡༧ རིང་གཞིས་བྱེས་གཉིས་ནས་དགེ་སློང་མ་བཟོས་ནས་བསླབ་པ་སློབ་གཉེར་བྱས་ཏེ་ཆ་སྙོམ་གྱི་ཐོག་ནས་བརྒྱ་ཆ་ ༦༥ ལོན་པ་ཡིན་ན། ལོ་ ༤ རིང་དགེ་བཤེས་མར་རྒྱུགས་སྤྲོད་ཆོག་པར་གཏན་འབེབས་བྱས་ཏེ་ལས་དོན་རབ་དང་རིམ་པར་སྤེལ་བཞིན་པ་རེད། ང་ཚོའི་རྒྱལ་རབས་ལོ་རྒྱུས་ཐོག་ནས་འདི་ཧ་ཅང་གི་གལ་ཆེན་པོར་བརྩི་བཞིན་ཡོད། ཅེས་སོགས་གསུངས།
ཐེངས་འདིའི་དགེ་བཤེས་མའི་རྒྱུགས་སྤྲོད་སློབ་ཚན་ནང་གི་གཙོ་བོ་གཞུང་ཆེན་བཀའ་པོད་ལྔའི་རྩོད་རྒྱུགས་དང་འབྲི་རྒྱུགས། དེ་བཞིན་བརྡ་སྤྲོད་དང་རྒྱལ་རབས་ཆོས་འབྱུང་། དེང་དུས་ཚན་རིག་བཅས་ཀྱི་འབྲི་རྒྱུགས་བཅས་ཕྱི་ཚེས་ ༡༢ བར་ཉིན་གྲངས་བཅུ་གཉིས་རིང་འབྲི་རྒྱུགས་དང་རྩོད་རྒྱུགས་གནང་རྒྱུ་ཡིན་འདུག་པ་བཅས། །