༢༠༡༦ ཟླ་ ༥ ཚེས་ ༢༤ རེས་གཟའ་མིག་དམར།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྡ་སའི་ནང་ཆོས་ངོ་སྤྲོད་ཚོགས་ཆུང་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན། ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡ ནས་ ༣ བར་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱིས་མཛད་པའི་༼རང་རྒྱུད་ལ་སྐུལ་མ་འདེབས་པའི་དད་པའི་ལྗོན་ཤིང་།༽ ཞེས་པའི་སྒོ་ནས་ཆོས་འབྲེལ་བསྐྱང་རྒྱུ་དང་། ནཱ་ལེནྡྲའི་ཤིཀ་ཤ་ Nalanda Shiksha དད་ལྡན་ཆོས་ཞུ་བས་ཇི་ལྟར་གསོལ་བ་བཏབ་པ་བཞིན། ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༧ ནས་ ༩ བར་ཉིན་གསུམ་རིང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་ལེའུ་བཞི་པའི་གསུང་ཆོས་འཕྲོ་སྐྱོང་བཀའ་དྲིན་སྩལ་རྒྱུ་ཐུགས་གཏན་འཁེལ་བ་དང་། ཆོས་ཞུ་བའི་ཕྱག་ཁྱེར་རྣམ་ཀུན་བཞིན་བཞེས་དགོས། ཆོས་ཞུ་བའི་ཕྱག་ཁྱེར་ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༢༥ ཉིན་ནས་འབུལ་རྒྱུ་ཡིན། བཞུགས་སྒར་ཁུལ་གཏན་སྡོད་སེར་སྐྱ་རྣམས་ནས་སོ་སོའི་ལོ་གཅིག་གི་གསུང་ཆོས་ཕྱག་ཁྱེར་ཐོག་ཐེལ་ཙེ་ཞུ་དགོས།
ཕྱག་ཁྱེར་གསར་བཟོ་སྔོན་ཚུད་ནས་ཞུ་ཐུབ་པའི་འབད་བརྩོན་གནང་ཐབས་ཡོང་བ་ཞུ་རྒྱུ་ཡིན། གསུང་ཆོས་རིང་གཙུག་ལག་ཁང་དུ་ཕྱི་རྒྱལ་བ་དང་ཕྱོགས་མཐའ་ནས་ཕེབས་པའི་མི་མང་ཁེ་གཙང་ལ་ཕྱག་ཁྱེར་འབུལ་རྒྱུ་ཡིན་ན་དེ་ལུགས་དགོངས་འཇགས། གསུང་ཆོས་རིང་ཆོས་ཞུ་བའི་ཕྱག་ཁྱེར་མེད་ཚེ་གསུང་རའི་ནང་རྩ་བ་ནས་གཏོང་རྒྱུ་མིན་ན། དད་ལྡན་ཆོས་ཞུ་བ་ཡོངས་ཀྱི་ཕྱག་ཁྱེར་རྙིང་པ་དང་། ཕྱེད་དཔར་གཅིག ངོ་སྤྲོད་ལག་ཁྱེར་བཅས་མཉམ་འཁྱེར་གྱིས་ཆོས་ཞུ་བའི་ཕྱག་ཁྱེར་ཞུ་བར་ཕེབས་དགོས། གསུང་ཆོས་ཞུ་བར་ཕེབས་སྐབས་དད་ལྡན་ཆོས་ཞུ་བ་ཡོངས་ཀྱིས་ན་བཟའ་ཚུལ་མཐུན་བཞེས་རྒྱུ་དང་། ཕྱག་དཔེ་དང་མཆོད་ཞལ། བཞུགས་གདན་འཁྱེར་ཆོག་ཀྱང་། གསུང་ཆོས་རིང་དགོས་མེད་ཀྱི་ལག་ཐོག་ཁ་པར་དང་པར་ཆས་སོགས་གློག་ཆས་རིགས་དང་། གྲི ཙག་སྒྲ་སོགས་མཚོན་ཆའི་རིགས་བསྣམས་མི་ཆོག་པས་སྐབས་མཚམས་དོ་བདག་དང་འབྲེལ་ལས་བཅས་ཚང་མར་དཀའ་ངལ་མི་བྱུང་ཆེད་སྔོན་ཚུད་ནས་ཐུགས་སྣང་དང་འབྲེལ་ཕྱར་གྲུ་མཉམ་འདེགས་གནང་གལ། དེ་བཞིན་རྣམ་ཀུན་ལྟར་དོལ་རྒྱལ་བསྟེན་གསོལ་བྱ་མིའི་རིགས་གསུང་ཆོས་ལ་བཅར་མི་ཆོག་པ་བཅས་དེ་དོན་ཚང་མས་དགོངས་འཇགས་ཡོང་བའི་བརྡ་ཐོར། བདེ་སྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༢༣ ལ།།
ཕྱག་ཁྱེར་འབུལ་ཡུལ། མེག་གྷན་བདེ་སྲུང་ཡན་ལག་ལས་ཁུངས།