ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༤ རེས་གཟའ་ལྷག་པ།
༄༅། །འཁོན་རིགས་བསྟན་པའི་གསལ་བྱེད་དཔལ་ས་སྐྱ་ཕུན་ཚོགས་ཕོ་བྲང་གི་༸སྐྱབས་མགོན་གོང་མ་འཇིགས་བྲལ་བདག་ཆེན་རིན་པོ་ཆེ་མཆོག་ཉེ་ཆར་ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༢༩ དགོང་དྲོ་ཆུ་ཚོད་ ༨།༡༥ ཐོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག་པར། བཀའ་ཤག་ལྷན་རྒྱས་ཐུགས་ཕམ་ཆེན་པོ་དང་བཅས་ཏེ་བདག་ཆེན་རིན་པོ་ཆེ་དམ་པ་དེ་ཉིད་ཀྱི་ཟག་མེད་ཐུགས་ཀྱི་དགོངས་པ་ཡོངས་སུ་རྫོགས་པའི་ཕྱིར་དང་། བོད་མིའི་སྒྲིག་འཛུགས་ཀྱི་འགོ་ལས་ཡོངས་ནས་མྱ་ངན་གུས་འདུད་ཞུ་ཆེད། སང་ཉིན་ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༥ ཉིན་གུང་ཆུ་ཚོད་ ༡༢ ཐོག་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་ཚང་འཛོམས་ཀྱིས་མཆོད་འབུལ་སྨོན་ལམ་ཞུ་རྒྱུ་དང་། ཉིན་རྒྱབ་གཞུང་འབྲེལ་མྱ་ངན་གུས་འདུད་མཚོན་ཕྱིར་ལས་ཁུངས་ཁག་ལས་མཚམས་གཞག་རྒྱུ་ཡིན་འདུག་པ་བཅས།།