༢༠༡༦ ཟླ་ ༥ ཚེས་ ༢༠ རེས་གཟའ་པ་སངས།
༄༅། །རྒྱ་ནག་གཞུང་གིས་བོད་མིའི་ཐོག་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་མུས་ཡིན་པར་བརྟེན། ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༣ ཉིན་བོད་ནང་གི་ཉིན་གུང་ཙམ་ལ་རྔ་པ་བོད་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་ཨ་སྐྱིད་སེ་ར་དགོན་པའི་གླིང་སྐོར་དུ་བུད་མེད་བསོད་ནམས་འཚོ་ལགས་ཀྱིས་བོད་དང་བོད་མིའི་རྩ་དོན་ཆེད་རང་ལུས་མེར་སྲེག་གནང་སྟེ་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་སྟབས། བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་འབྲེལ་འོག་ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༢༠ རེས་གཟའ་པ་སངས་ཉིན་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་ཐོག སྤྱིར་རྒྱལ་གཅེས་པ་ཁོང་གིས་གཙོས་ད་བར་བོད་བསྟན་སྲིད་དང་མི་རིགས། རང་དབང་གི་དོན་དུ་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་པ་ཕོ་མོ་འདས་གསོན་ཡོངས་ལ་གཞུང་ཕྱོགས་ནས་གདུང་སེམས་མཉམ་སྐྱེའི་མྱ་ངན་རྗེས་དྲན་ཞུ་ཆེད་གོང་ཚེས་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༤ ནས་དབུས་ཀྱི་ལས་ཁུངས་ཁག་སྒོ་བརྒྱབ་སྟེ། རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔའི་དྲུང་དུ་མཆོད་སྤྲིན་སྣ་ལྔ་འབུལ་གཤོམ་དང་འབྲེལ།
མཆོད་འབུལ་སྨོན་ལམ་གྱི་ཚོགས་མགོན་དུ་ཀརྟི་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། སྲི་ཞུའི་ལས་བྱེད་རྣམ་པ། བཞུགས་སྒར་ཁུལ་གནས་རིས་མེད་ཆོས་སྡེ་ཁག་གི་གྲྭ་བཙུན་སྔགས་གསུམ། གཞན་ཡང་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་གྲྭ་བཙུན་སྔགས་གསུམ། དེ་བཞིན་མི་མང་། ཕྱི་རྒྱལ་བ་བཅས་ཁྱོན་མི་གྲངས་བརྒྱ་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་སྨོན་ལམ་གསུང་འདོན་གནང་མུར་རྣམ་གྲྭ་དགེ་བསྐོས་ཀྱིས་ཆོས་རིག་ལས་ཁུངས་ཀྱི་སྐྱབས་ཐོ་སྒྲོགས་སྦྱང་གནང་།
དེ་ནས་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་དབུས་པའི་སྐྱབས་གནས་དགེ་འདུན་གྱི་སྡེ། མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དེ་རིང་ཚང་མས་མཁྱེན་གསལ་བཞིན་བློ་ཕམ་པའི་གནས་ཚུལ་ཞིག་ལ་ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༣ ཉིན་བོད་རྔ་པ་བོད་རིགས་རང་སྐྱོང་ཁུལ་དུ་གནས་སྡོད་བྱེད་མཁན་བསོད་ནམས་འཚོ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་གནང་བ་རེད། ཁོང་རང་རང་ལོ་ལྔ་བཅུ་ཡིན་པ་དང་། ཁོང་རང་གི་ཁྱོ་གའི་མིང་ལ་སྐལ་བཟང་རྒྱ་མཚོ་ལགས་དང་། ཁོང་རང་བུ་གཉིས་དང་བུ་མོ་གསུམ་གྱི་ཨ་མ་ལགས་ཆགས་ཡོད་འདུག ཁོང་རང་རང་ལུས་མེར་སྲེག་གནང་རྗེས་འདས་གྲོངས་སུ་ཕྱིན་འདུག་པར་བརྟེན་དེ་རིང་འདིར་ཚང་འཛོམས་གནང་བའི་ཐོག་ནས་ཐུགས་སྨོན་གནང་རོགས་གནང་། ཞེས་ཞུ་རྒྱུ་ཡིན། ད་ལྟ་བར་དུ་བོད་ནང་རང་ལུས་མེར་སྲེག་བཏང་གནང་མཁན་ ༡༤༤ བྱུང་བའི་ནང་ནས་ལོ་འདིའི་ནང་རང་ལུས་མེར་སྲེག་བཏང་གནང་མཁན་ ༢ བྱུང་ཡོད། འདིས་ག་རེ་མཚོན་གྱི་ཡོད་རེད་ཅེ་ན། བོད་ནང་སྙིང་སྟོབས་ཅན་གྱི་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་ཚོས་རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་པ་ནས་བཟུང་ད་ལྟ་བར་དུ་བོད་པའི་རྩ་དོན་ཆེད་དུ་རྩ་ཆེ་བའི་སོ་སོའི་ལུས་སྲོག་ཡིན་ནའང་བློས་བཏང་བྱས་པ། མི་རབས་གསར་པ་ཡིན་ནའང་མུ་མཐུད་བོད་ཀྱི་རྩ་དོན་རྩོད་བཞིན་ཡོད་པ་དེ་ཧ་ཅང་གསལ་པོ་རེད། དེར་བརྟེན་ང་རང་ཚོའི་ངོས་ནས་ཡིན་ནའང་ད་ལན་སྐལ་བ་བཟང་པོའི་ཐོག་ནས་སྐྱིད་རོང་ཇོ་བོ་མཇལ་རྒྱུ་ཡོད་པ། ཟླ་བ་འདི་ཡིན་ནའང་། ས་ག་ཟླ་བ་ཡིན་པར་བརྟེན་ཚང་མས་དམིགས་བསལ་འགན་ཞིག་ཡོད་པའི་ཐོག་ནས་ཐུགས་སྨོན་ཡག་པོ་གནང་རོགས་གནང་ཞེས་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གྲུབ་རྗེས་ཕྱི་དྲོ་ཆུ་ཚོད་ ༥ བར་སྨོན་ལམ་གསུང་འདོན་གནང་ཡོད། དེ་བཞིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་ཞིང་མཆོག་འདུས་པ་རྒྱ་མཚོར་བསྙེན་བཀུར་གསོལ་ཇ་དང་གྲྭ་བཙུན་སྔགས་གསུམ་ལ་སྐུ་འགྱེད་ཧིན་སྒོར་ ༡༠༠ རེ་ཕུལ་ཡོད་པ་བཅས། །