༢༠༡༦ ཟླ་ ༥ ཚེས་ ༡༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༩ ནས་ ༡༣ བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་ཁུལ་གྱི་ཆོས་འབྲེལ་སོགས་ཀྱི་མཛད་འཕྲིན་ཡོངས་སུ་བསྐྱངས་རྗེས་ཕྱི་ཚེས་ ༡༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༥༠ ཙམ་ལ་བཞུགས་སྒར་རྡ་རམ་ས་ལར་སྟོན་འཁོར་དང་བཅས་༸ཞབས་སོར་བདེ་བར་འཁོད་འདུག དེ་ཡང་མགོན་པོ་གང་ཉིད་མཆོག་དེ་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཡོལ་ཙམ་ལ་རྡ་སའི་ཉེ་འགྲམ་གྷ་གལ་གནམ་ཐང་དུ་༸ཞབས་སོར་འཁོད་མཚམས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟེན་འཕེལ་མཆོག་གིས་གཙོས་གཞུང་འབྲེལ་དང་གཞུང་མིན་པའི་གནད་ཡོད་མི་སྣ་སོགས་གཙོ་བོར་གྱུར་བའི་དད་ལྡན་མང་ཚོགས་རྣམས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས། ཐེངས་འདིར་༸གོང་ས་མཆོག་གིས་ཉི་ཧོང་གྲོང་ཁྱེར་ཨོ་ས་ཀའི་ནང་སྤྱོད་འཇུག་ཆེན་མོའི་ཆོས་འབྲེལ་བསྐྱངས་པ་སོགས་ཀྱི་མཛད་འཕྲིན་ལེགས་གྲུབ་བྱུང་ཡོད་པ་བཅས།།