༢༠༡༦ ཟླ་ ༥ ཚེས་ ༩ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་དུ་༸ཞབས་སོར་བདེ་བར་འཁོད་འདུག དེ་ཡང་མགོན་པོ་གང་ཉིད་མཆོག་དིལླཱི་ནས་ཉི་ཧོང་གྲོང་ཁྱེར་ཊོག་ཁྱོའི་ Tokyo ན་རི་ཏ་གནམ་ཐང་དུ་ཉིན་གུང་ཙམ་ལ་༸ཞབས་སོར་འཁོད་སྐབས་རྒྱ་གར་གཞུང་ཚབ་ཁང་གི་སྐུ་ཚབ་དང་ཉི་ཧོང་འབྲེལ་ཡོད་ལས་བྱེད་པ་ཁག་གཅིག
དེ་བཞིན་སྐུ་ཚབ་དོན་གཅོད་ལུང་རྟོགས་ལགས་ཀྱིས་གཙོས་ས་གནས་བོད་རིགས་དང་ཧི་མཱ་ལ་ཡི་མི་རིགས། དེ་བཞིན་ཉི་ཧོང་དད་ལྡན་མང་ཚོགས་བཅས་ཁྱོན་མི་གྲངས་ ༡༥༠ བརྒལ་བས་ལག་ཏུ་དཀར་གཙང་མཇལ་དར་དང་ཕྱེ་མར་ཆང་ཕུད་སོགས་ཐོགས་ཏེ་སྲོལ་རྒྱུན་གྱི་ལམ་ནས་ཕེབས་བསུ་གཟབ་རྒྱས་ཞུས།
སྐབས་དེར་༸གོང་ས་མཆོག་གིས་ཐུགས་འདྲིས་ཡོད་པའི་ཉེ་ཧོང་གྲོགས་པོ་ཁག་གཅིག་དང་མཇལ་སྐབས་ཐུགས་དགྱེས་ཚོར་ཆེན་པོས་འཚམས་འདྲི་དང་སྦྲགས་ཕྱག་དབང་སྩལ།
དེ་རྗེས་༸གོང་ས་མཆོག་སྟོན་འཁོར་དང་བཅས་བཞུགས་གནས་གསོལ་མགྲོན་ཁང་དུ་ཆིབས་སྒྱུར་བསྐྱངས།
ཕྱི་ཚེས་ ༡༠ ནས་དབུ་འཛུགས་ཀྱིས་ཉིན་གྲངས་བཞིའི་རིང་མགོན་པོ་གང་ཉིད་མཆོག་གིས་ཉི་ཧོང་གི་གྲོང་ཁྱེར་ཨོ་ས་ཀའི་ནང་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་ཆོས་འབྲེལ་སྩལ་གནང་མཛད་རྒྱུ་ཡིན་འདུག་པ་བཅས།།