༢༠༡༦ ཟླ་ ༥ ཚེས་ ༡༤ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༥ ཕྱི་ཚེས་ ༡༣ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་གི་གྲོང་ཁྱེར་ཨོ་ས་ཀར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཚོགས་ཁང་ཆེན་མོའི་ནང་ཉི་ཧོང་དང་། ཐེ་ཝན། སོག་པོ། སིན་གྷ་པུར། ཀོ་རི་ཡ་སོགས་ཀྱི་དད་ལྡན་ཆོས་ཞུ་བ་རྣམས་ལ་འཇམ་དཔལ་དབྱངས་ཀྱི་རྗེས་སྣང་དང་། ཡོངས་རྫོགས་དགེ་བསྙེན་གྱི་བསླབ་གཞི་ལྔ་ངོ་སྤྲོད་སྩལ་ཏེ་ཁྱིམ་པ་ཕོ་མོ་ཚོར་དགེ་བསྙེན་ཀྱི་སྡོམ་པ་འབོགས་ཆོག་མཛད་པ་དང་སྦྲགས། ཤེས་རབ་སྙིང་པོའི་བཀའ་ཆོས་སྩལ་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོར་མགོན་པོ་གང་ཉིད་མཆོག་རྒྱལ་སྤྱིའི་ཚོགས་ཁང་ཆེན་མོའི་ནང་ཞབས་སོར་འཁོད་བསྟུན། དགེ་འདུན་པ་ཁག་གཅིག་གིས་ཉི་ཧོང་དང་རྒྱ་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་རྗེས་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན། ད་ལྟ་རྒྱ་སྐད་ཐོག་ཤེས་རབ་སྙིང་པོའི་མཇུག་ཏུ་དུག་གསུམ་ཉོན་མོངས་སེལ་བར་ཤོག ཤེས་རབ་སྣང་བ་འབར་བར་ཤོག ཕྱི་ནང་གི་ངན་སེམས་མེད་པ་དང་། བྱང་ཆུབ་སྤྱོད་ལ་མཇུག་པར་ཤོག ཅེས་པའི་སྨོན་ལམ་ཚིག་བཞི་པོ་འདི་ཐེག་པ་ཆེ་ཆུང་གི་ལམ་ཡོངས་རྫོགས་སྨོན་ལམ་རྒྱག་རྒྱུ་ཞིག་རེད་འདུག དང་པོ་ནི། དུག་གསུམ་ཉོན་མོངས་སེལ་བར་ཤོག བརྗོད་སྐབས་སྤྱིར་རྒྱ་གར་གྱི་ཆོས་བརྒྱུད་ནང་ཉོན་མོངས་ངོས་འཛིན་བྱས་ནས་ཉོན་མོངས་སྤོང་ཐབས་སུ་ཞི་གནས་དང་ལྷག་མཐོང་སྒོམ་རྒྱུ་གསུང་གི་ཡོད། མུ་སྟེགས་པའི་གཞུང་ནང་ཉོན་མོངས་འདི་གཙོ་ཆེ་བ་འདོད་པའི་ཉོན་མོངས་གསུང་གི་འདུག ཉན་རང་འཕགས་པས་དུག་གསུམ་ཉོན་མོངས་སེལ་བར་ཤོག་ཟེར་རྒྱུའི་དོན་དག་ནི་ཉན་རང་གི་གྲུབ་མཐའ་ཟེར་དགོས་མིན་འགྲོ། རང་གི་བྱང་ཆུབ་སྔོན་དུ་བྱེད་པར་ཉོན་མོངས་སྤང་དགོས་རྒྱུ། ཉོན་མོངས་གཙོ་བོ་གང་ཟག་གི་བདག་འཛིན་གྱི་གཞི་བྱས་པས་དེ་ལྟ་བུའི་ཉོན་མོངས་སྤོང་དགོས་རྒྱུ། ཁ་སང་ཞུས་པ་བཞིན། ཉན་ཐོས་ཀྱི་གྲུབ་མཐའ་རང་གི་དབང་དུ་བྱས་པ་ཡིན་ན། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་བགྲངས་པའི་དམིགས་མེད་ཅན་གྱི་ཉོན་མོངས། གྲུབ་མཐའ་གོང་མས་བཤད་ནས་དམིགས་མེད་ཅན་གྱི་ཉོན་མོངས་གསུངས་པ་དེ་འདྲའི་ཉོན་མོངས་སྤོང་རྒྱུར་དབུ་མ་བའི་ལུགས་གསུང་པ་ཡིན་ན། ཉོན་མོངས་ཕྲ་མོ་བདེན་འཛིན་དང་བདེན་འཛིན་གྱིས་བགྲངས་པའི་ཉོན་མོངས་དུག་གསུམ་ཉོན་མོངས་སེལ་བར་ཤོག
གང་ལྟར་རྒྱ་གར་འཕགས་པའི་ཡུལ་གྱི་ཆོས་ལུགས་ལ་ཉོན་མོངས་རྒྱུ་རུ་བལྟས་ནས་དེའི་གཉེན་པོ་ཞི་གནས་དང་ལྷག་མཐོང་ཉམས་ལེན་བྱེད་རྒྱུ་གསུང་གི་ཡོད། ཞི་གནས་ནི། ཕྱི་ནང་ཐུན་མོང་བ་རེད། ལྷག་མཐོང་ནི། གོང་དུ་ཞུས་པ་བཞིན་མུ་སྟེགས་པས་ཞི་རགས་ཀྱི་རྣམ་པ་ཅན་གྱི་འཇིག་རྟེན་པའི་ལྷག་མཐོང་ཟེར་རྒྱུ་འདི་གསུང་གི་འདུག ཉན་རང་གིས་གང་ཟག་གི་བདག་མེད་རྟོགས་པའི་ཤེས་རབ་ལྷག་མཐོང་གསུང་གི་ཡོད། ཤེས་རབ་སྣང་བ་འབར་བར་ཤོག ཅེས་པའི་སྨོན་ལམ་འདི་ཧ་ཅང་གལ་ཆེན་པོ་རེད་འདུག ཉོན་མོངས་དུག་གསུམ་ཞི་རྒྱུ་ནི་སྨོན་ལམ་དང་གཟུངས་སྔགས་བགྲངས་ནས་ཞི་རྒྱུ་མ་རེད། ཉོན་མོངས་དེ་དང་དེའི་འཛིན་སྟངས་ཀྱི་ཡུལ་དེ་འདྲ་ཡོད་མེད་བསམ་བློ་གཏོང་སྐབས་དེ་མེད་པར་མཐོང་ནས། བདག་མེད་རྟོགས་པའི་ཤེས་རབ་གཅིག་པུས་ཉོན་མོངས་ཀྱི་གཉེན་པོ་བྱེད་ཀྱི་ཡོད། དེ་འདྲ་ཡིན་དུས་ཤེས་རབ་སྣང་བ་འབར་བར་ཤོག་ཟེར་རྒྱུ་འདི་ཐུན་མོང་མ་ཡིན་པའི་སངས་རྒྱས་ཀྱི་ཆོས་ཀྱི་འགྲོ་སྟངས་གསུང་ཡོང་གི་འདུག སྨོན་ལམ་དོན་ཚན་བཞི་པ་ནི། རྒྱལ་སྲས་སྤྱོད་ལ་མཇུག་པར་ཤོག ཅེས་པ་འདི་བྱང་ཆུབ་སེམས་པའི་སྟོང་ཉིད་སྙིང་རྗེ་ཅན་གྱི་སྙིང་པོའི་ལམ་གསུང་གི་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་དགེ་བསྙེན་གྱི་སྡོམ་པ་འབོགས་ཆོག་མཛད།།