༢༠༡༦ ཟླ་ ༥ ཚེས་ ༡༡ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༥ ཕྱི་ཚེས་ ༡༠ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉིན་ཧོང་གི་གྲོང་ཁྱེར་ཨོ་ས་ཀར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཚོགས་ཁང་ཆེན་མོའི་ནང་ཉི་ཧོང་དང་། ཐེ་ཝན། སོག་པོ། སིན་གྷ་པུར་དང་ཀོ་རི་ཡ་བཅས་ཀྱི་དད་ལྡན་ཆོས་ཞུ་བ་ ༢༧༠༠ ཙམ་ལ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་ཆོས་འབྲེལ་དབུ་འཛུགས་མཛད་ཡོད།
དེ་ཉིན་༸གོང་ས་མཆོག་ཚོགས་ཁང་དུ་༸ཞབས་སོར་འཁོད་སྐབས་དད་ལྡན་ཆོས་ཞུ་བ་རྣམས་ཀྱིས་དགའ་བསུ་རྒྱ་ཆེ་ཞུས། དེ་ནས་མགོན་པོ་གང་ཉིད་མཆོག་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་བཀའ་སློབ་དབུ་འཛུགས་མཛད་དོན། ཁྱེད་རྣམ་པས་མཁྱེན་གསལ་རེད། ད་ཆ་ངོས་རང་ལོ་ན་ ༨༡ མཚམས་ལ་བསླེབས་ཡོད། སྤྱིར་ཆོས་བཤད་འགོ་མ་འཛུགས་པའི་སྔོན་ལ་སྟོན་པར་སྐྱབས་སུ་འགྲོ་བའི་སྒོ་ནས་ཕྱག་འཚལ་དགོས་ཀྱང་། ད་ཆ་ངོས་ཀྱི་པུས་མོར་དཀའ་ངལ་ཕྲན་བུ་ཡོད་སྟབས་ཁག་པོ་འདུག འོན་ཀྱང་ངོས་ཀྱི་རིག་པ་ད་དུང་གྲུང་ཐག་ཆོད་ཡོད། ཉིན་རེའི་ཉམས་ལེན་བྱེད་སྐབས་རིག་པའི་ལམ་ནས་དཔྱད་པ་བྱས་ནས་འགྲོ་བཞིན་ཡོད།
དེ་རིང་རྒྱ་སྐད་དང་ཀོ་རི་ཡ། ཉི་ཧོང་། ཨུ་རུ་སུ། སོག་སྐད། ཨིན་སྐད་བཅས་ནང་ཐད་སྒྱུར་གནང་བཞིན་ཡོད་སྟབས་ངོས་ཀྱིས་བོད་སྐད་ནང་ཁར་ཐུག་འཆད་རྒྱུ་ཡིན། སྤྱིར་མི་ཚང་མར་ལེགས་ཉེས་བླང་དོར་འབྱེད་པའི་ཤེས་རབ་ཡོད། འོན་ཀྱང་ཞེ་སྡང་དང་ང་རྒྱལ། ཕྲག་དོག་སོགས་ཀྱིས་གཞན་དབང་དུ་ཚུད་སྐབས་ལེགས་ཉེས་འབྱེད་རྒྱུའི་ནུས་པ་དེ་བརླག་གི་ཡོད། མིའི་རྣམ་དཔྱོད་ཀྱི་ཤེས་རབ་ཅིས་ཕྱིན་པ་ཞིག་བཀོལ་དགོས་ན་བསམ་བློ་ཞི་བདེ་ལྡན་པ་ཞིག་དགོས། ལག་པ་ཐལ་མོ་སྦྱར་ནས་སྐྱབས་སུ་མཆི། ཟེར་བ་ཙམ་གྱིས་ཕན་རྒྱུ་མེད། རྒྱུ་མཚན་ལ་བརྟེན་ནས་དཔྱད་པ་བྱེད་དགོས། བློའི་རྣམ་གཞག་སྐོར་མ་ཤེས་ན་དེར་འགྱུར་བཅོས་གཏོང་རྒྱུ་ཁག་པོ་རེད།
དེར་བརྟེན་བློའི་རྣམ་གཞག་དང་བྱེད་ལས་སོགས་ཤེས་པའི་ཐོག་ནས་སེམས་འཁྲུག་པ་ལས་ཞི་བདེ་ལྡན་པ་ཞིག་འགྱུར་ཐབས་བྱེད་དགོས། དང་པོ་ཐོས་པ་བྱས། དེ་ནས་ཐོས་པའི་དོན་དེར་བསམ་བློ་བཏང་། མཐར་སྒོམ་པ་ཡིན་ན་ཕན་ཐོགས་ཡོད། སྟོན་པ་བཅོམ་ལྡན་འདས་ཀྱི་སྐུ་གསུང་ཐུགས་ཀྱི་མཛད་པ་རྣམས་ནས་གསུང་གི་མཛད་པ་དེ་མཆོག་ཡིན། བཅོམ་ལྡན་འདས་ལ་དད་པ་ཙམ་གྱིས་རྗེས་སུ་བབྲངས་ནས་སྐྱབས་སུ་མི་འགྲོ་བར་སངས་རྒྱས་དཀོན་མཆོག་ཟེར་ན་གང་རེད། དཔྱད་པ་བྱེད་དགོས། དབང་རྟུལ་དད་པའི་རྗེས་འབྲང་བྱས་ནས་ཕྱིན་པ་ཡིན་ན་བསྟན་པ་ཡུན་རིང་གནས་རྒྱུ་ཧ་ཅང་ཁག་པོ་རེད། དེ་ལས་ལྡོག་སྟེ་དབང་རྣོན་ཆོས་ཀྱི་རྗེས་འབྲང་ལྟར་རིག་པའི་དཔྱད་པ་བྱས་ནས་ཕྱིན་པ་ཡིན་ན་བསྟན་པ་ཡུན་རིང་དུ་གནས་ཐུབ། ཅེས་སོགས་ཀྱི་སྔོན་འགྲོའི་བཀའ་སློབ་གྲུབ་བསྟུན་ཆོས་འབྲེལ་དབུ་འཛུགས་མཛད་ཡོད། །