༢༠༡༦ ཟླ་ ༥ ཚེས་ ༡༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༧ བོད་ཟླ་ ༤ ཚེས་ ༡ ནས་བཟུང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་ཞབས་བརྟན་དང་།
བསྟན་སྲིད་སྤྱིའི་བདེ་ཐབས་ཀྱི་ཆེད་ཉིན་བཅུའི་རིང་མ་ཎི་དུང་སྒྲུབ་དང་། དགའ་ལྡན་ཕོ་བྲང་ཡིག་ཚང་ནས་མ་ཎི་རིལ་སྒྲུབ་ཀྱི་ཞབས་རིམ་གསོག་སྒྲུབ་གནང་བཞིན་པ་ལྟར།
དེ་རིང་སྟེ་ཕྱི་ཟླ་ ༥ ཚེས་ ༡༦ བོད་ཟླ་ ༤ ཚེས་ ༡༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མ་ཎི་དུང་སྒྲུབ་ཀྱི་ཚོགས་མགོན་དུ་ཆིབས་སྒྱུར་བཀའ་དྲིན་ཆེ་བསྐྱངས་མཛད་ཐོག་ཐུགས་སྨོན་སྐྱབས་འཇུག་རྒྱ་གང་ཆེ་མཛད་ཡོད།
སྤྱིར་མ་ཎི་དུང་སྒྲུབ་ལོ་ལྟར་ས་ག་ཟླ་བའི་དུས་ཆེན་ཁྱད་པར་ཅན་གྱི་ཉིན་སྒྲུབ་སྲོལ་ཡོད་པ་མ་ཟད། ༸གོང་ས་མཆོག་གི་གཟིམ་ཆུང་ནང་བཞུགས་པའི་སྐྱིད་གྲོང་ཇོ་བོ་གཙུག་ལག་ཁང་དུ་གདན་འདྲེན་ཞུས་ཏེ་སྤྱན་རས་གཟིགས་ཀྱི་ཆོ་གའི་སྒོ་ནས་མ་ཎི་རིལ་བུ་གསོག་སྒྲུབ་གནང་སྲོལ་ཡོད།