༢༠༡༦ ཟླ་ ༥ ཚེས་ ༤ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༢ ནས་ཕྱི་ཚེས་ ༨ བར་སྡེ་ར་ལྡུན་དུ་རྟེན་གཞི་བྱས་པའི་སེ་ལ་ཀུའི་བོད་ཁྱིམ་ལག་ཤེས་སློབ་ཁང་དུ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་གོ་སྒྲིག་འོག་རྒྱ་བལ་གཉིས་ཀྱི་བོད་མིའི་སློབ་གྲྭ་ཁག་གི་ལུས་རྩལ་དགེ་རྒན་རྣམས་ལ་ལུས་རྩལ་ཟབ་སྦྱོང་ཞིག་གནང་བཞིན་ཡོད་འདུག
དེ་ཡང་ཐེངས་འདིའི་ལུས་རྩལ་ཟབ་སྦྱོང་ནང་རྒྱ་བལ་གཉིས་ཀྱི་སློབ་གྲྭ་ཁག་ ༢༡ ནས་ལུས་རྩལ་དགེ་རྒན་གྲངས་ ༢༤ མཉམ་ཞུགས་གནང་ཡོད་པ་དང་། ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་དུ་ལྕམ་སྐུ་མན་ཇུ་ཤྲི་ཨེས་རོ་ཧེ་ Manjushree S Roy ལགས་དང་། ཧ་བྷ་པུར་འདོད་རྒུ་གཡུ་རྒྱལ་གླིང་བོད་མིའི་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་བསྟན་འཛིན་མཆོག་ལྡན་ལགས། སེ་ལ་ཀུའི་བོད་ཁྱིམ་ལག་ཤེས་སློབ་ཁང་གི་དབུ་འཛིན་ལྷག་པ་དོན་གྲུབ་ལགས། སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭའི་དགེ་ཆེ་ཚུལ་ཁྲིམས་སྐལ་བཟང་ལགས། ལུས་རྩལ་དགེ་རྒན་རྣམས་བཅས་ཁྱོན་མི་གྲངས་ ༤༠ ཙམ་ལྷན་ཞུགས་གནང་འདུག ཉིན་གྲངས་བདུན་རིང་གི་ཟབ་སྦྱོང་སྐབས་ལུས་རྩལ་དགེ་རྒན་རྣམས་ལ་རྩེད་རིགས་འདྲ་མིན་ཐོག་དུས་ཚོད་ཆ་བགོས་ཀྱིས་ཟབ་སྦྱོང་གནང་རྒྱུ་ཡིན་འདུག་པ་དང་། ཐེངས་འདིའི་ཟབ་སྦྱོང་འདི་བཞིན་ཨ་རིའི་པི་ཨར་ཨེམ་PRM རོགས་ཚོགས་ཀྱི་མཐུན་འགྱུར་གནང་བ་ཞིག་ཡིན་འདུག་པ་བཅས། །