༢༠༡༦ ཟླ་ ༥ ཚེས་ ༢༦ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ ་ ༢༠༡༦ ཟླ་ ༥ ཚེས་ ༣༡ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྲོང་བཙན་ཚོམས་ཆེན་ནང་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གི་མདུན་དུ་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བདམས་ཐོན་ཚོགས་གཙོ་དང་ཚོགས་གཞོན་རྣམ་གཉིས་ཀྱིས་ལས་ཁུར་དང་གསང་རྒྱའི་དམ་བཅའ་འབུལ་རྒྱུ་ཡིན་འདུག
དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༩།༣༠ ཐོག་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གིས་གཙོས་ཁྲིམས་ཞིབ་པ་གཞན་ཚེ་རིང་དོན་གྲུབ་མཆོག་དང་ངག་དབང་ཆོས་གྲགས་མཆོག སྲིད་སྐྱོང་མཆོག བདམས་ཐོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན། དེ་བཞིན་རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། སྤྱི་འཐུས་རྒྱུན་ལས་རྣམ་པ། དྲུང་ཆེ་རྣམ་པ་བཅས་བཞུགས་གྲལ་དུ་འཁོད་མཚམས། གནས་ཆུང་སྒྲ་དབྱངས་གླིང་གི་དགེ་འདུན་བཞི་གྲས་ཤིས་བརྗོད་གསུང་འདོན་གནང་རྗེས། ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་ཁྲི་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་བསྟུན། བདམས་ཐོན་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་གྱིས་༸རྒྱལ་བའི་བཞུགས་ཁྲི་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུ་རྒྱུ། དེ་རྗེས་བདམས་ཐོན་ཚོགས་གཙོ་དང་ཚོགས་གཞོན་རྣམ་གཉིས་ཀྱིས་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་གི་དྲུང་ནས་ལས་ཁུར་དམ་བཅའ་དང་གསང་རྒྱའི་དམ་བཅའ་ཕུལ་རྗེས། ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་རྣམ་གཉིས་ལ་རྟེན་འབྱུང་མཇལ་དར་དང་རྟེན་འབྲེལ་མཚོན་བྱེད་སྒྲོན་འབུལ་གནང་མཚམས། དམ་འབུལ་མ་དེབ་ཏུ་མཚན་རྟགས་བཀོད་དེ་སྐུ་མགྲོན་རྣམ་པར་གྲོ་སོ་ཕྱེ་མར་དང་ཆང་ཕུད་འདེགས་འབུལ་གྲུབ་བསྟུན། རྟེན་འབྱུང་གསོལ་ཇ་དང་འབྲས་སིལ་འབུལ་རྗེས་མཛད་གཙོ་རྣམ་པས་རིམ་བཞིན་༸རྒྱལ་བའི་བཞུགས་ཁྲི་རིན་པོ་ཆེར་མཎྜལ་རྟེན་དོད་དང་མཇལ་དར་ཕུལ་རྗེས་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་གཉིས་ལ་རྟེན་འབྱུང་མཇལ་དར་སྒྲོན་འབུལ་གནང་རྒྱུ་ཡིན་འདུག་པ་བཅས།།