༢༠༡༦ ཟླ་ ༥ ཚེས་ ༣༠ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༣༠ ཉིན་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་སུ་བདམས་ཐོན་བྱུང་བའི་སྤྱི་འཐུས་རྣམས་ཀྱིས་བར་བརྒལ་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གི་མདུན་དུ་ལས་ཁུར་དམ་བཅའ་ཕུལ་ཡོད། དེ་ཡངགོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཡོལ་ཙམ་ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྲོང་བཙན་ཚོམས་ཆེན་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གི་མདུན་དུ་སྐབས་བཅུ་དྲུག་པའི་སྤྱི་འཐུས་སུ་བདམས་ཐོན་བྱུང་བའི་སྤྱི་འཐུས་པདྨ་འབྱུང་གནས་མཆོག་གིས་བར་བརྒལ་སྤྱི་འཐུས་ཚོགས་གཙོའི་དམ་འབུལ་ཞུས་གྲུབ་རྗེས། དེ་ཉིན་སྔ་དྲོ་ཆུ་ཚོད་ ༡༠ ཐོག་གྲོས་ཚོགས་ཀྱི་ཚོགས་ཁང་དུ་སྐབས་བཅུ་དྲུག་པའི་བོད་མི་མང་གི་སྤྱི་འཐུས་སུ་འོས་འདེམས་བྱུང་བའི་སྤྱི་འཐུས་རྣམས་ནས་རེ་རེ་བཞིན་༸རྒྱལ་བའི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེའི་མདུན་དུ་ཕྱག་ཕུལ་རྗེས་མཇལ་དར་སྒྲོན་འབུལ་དང་སྦྲགས། བར་བརྒལ་སྤྱི་འཐུས་ཚོགས་གཙོ་མཆོག་གི་མདུན་དུ་དམ་འབུལ་ཞུས་གྲུབ་མཚམས།
རྟེན་འབྲེལ་གསོལ་ཇ་འབྲས་སིལ་ཕུལ། དེ་ནས་བར་བརྒལ་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསུང་དོན། དེ་རིང་ང་ཚོས་བཅའ་ཁྲིམས་ཀྱི་དགོངས་དོན་འགལ་མེད་ཀྱིས་ཕྱག་ལས་གནང་གི་ཡིན་ཞེས་དམ་བཅའ་ཕུལ་བ་རེད། དེར་བརྟེན་བཅའ་ཁྲིམས་ནང་གང་ཡོད་པ་དེ་དག་ང་ཚོ་ཚང་མས་ཡག་པོ་བྱས་ནས་རྟོགས་པ་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ཅེས་ཞུ་རྒྱུ་ཡིན། དེ་རིང་ནས་བཟུང་ལོ་ལྔའི་རིང་ང་ཚོ་སྐབས་བཅུ་དྲུག་པའི་སྤྱི་འཐུས་ཆགས་པ་རེད།
ཐོག་མ་དེར་རྣམ་པ་ཚོ་ཚང་མར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། རྒྱ་ཆེའི་མང་ཚོགས་ཀྱི་ང་ཚོར་རེ་བ་བཅོལ་བ་ལྟར། ཆོལ་གསུམ་ཆོས་ལུགས་དང་བཅས་པ་དམ་ཚིག་ཟོང་ཁ་ཆིག་སྒྲིལ་གྱི་ཐོག་ནས་ཕྱག་ལས་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཞེས་གསུང་བཤད་གནང་བསྟུན་དམ་འབུལ་མཛད་སྒོ་གྲུབ་པའི་གསལ་བསྒྲགས་གནང་སྟེ་དམ་འབུལ་མཛད་སྒོ་ལེགས་པར་མཇུག་སྒྲིལ། །