༢༠༡༦ ཟླ་ ༥ ཚེས་ ༢༠ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༡༨ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་གོ་སྒྲིག་འོག རྡ་ས་དབུས་སྣེ་ལེན་འབྲེལ་མཐུད་ཁང་གི་ཚོགས་ཁང་དུ་བཙན་བྱོལ་བོད་མིའི་ནད་རིགས་སྔོན་འགོག་སོགས་དང་འབྲེལ་བའི་དམིགས་བསལ་ཚོགས་ཆེན་ཐེངས་དང་པོ་མཇུག་སྒྲིལ་སྐབས་འཕྲོད་བསྟེན་བཀའ་བློན་མཆོག་གིས་ཚོགས་འདུའི་ཐོག་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་ལག་བསྟར་གནང་རྒྱུ་གལ་ཆེ་ཡིན་སྐོར་གསུངས།
དེ་ཡང་ཕྱི་ཚེས་ ༡༦ ནས་ ༡༨ བར་ཉིན་གྲངས་གསུམ་རིང་རྒྱ་བལ་གཉིས་ནས་འཕྲོད་བསྟེན་ཁྱབ་ཁོངས་ཡན་ལག་སྨན་ཁང་ཁག་དང་། དགོན་སྡེ། སློབ་གྲྭ་ཁག་སོགས་ཀྱི་ནང་ཕྱག་ལས་གནང་བཞིན་པའི་སྨན་པ་དང་སྨན་ཁང་འགན་འཛིན། སྨན་ཞབས། འཕྲོད་ལས་པ་བཅས་ཁྱོན་མི་གྲངས་ ༡༢༩ ཆེད་བསྐོང་གིས། ཉེ་ཆར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ནད་རིགས་སྔོན་འགོག་དང་འབྲེལ་བའི་ཐོག་འཐུས་ཤོར་ཕྱིན་ཡོད་པའི་བཀའ་སློབ་ནན་པོ་ཕེབས་པ་དེ་དག་གཙོ་བཟུང་ཐོག དམིགས་བསལ་ཚོགས་ཆེན་འདིའི་ཐོག་སླད་ཕྱིན་འཐུས་ཤོར་འདི་རིགས་མི་ཡོང་རྒྱུའི་ཐབས་ལམ་དང་སྐྱོན་ཆ་ཁག་སེལ་སྟངས་སོགས་ཀྱི་ཐོག་གོ་བསྡུར་བགྲོ་གླེང་ཞིབ་ལྷུག་དང་། བོད་ཀྱི་གསོ་བ་རིག་པ་དང་ཕྱི་ལུགས་སྨན་པས་ནད་རིགས་སྔོན་འགོག་དང་འབྲེལ་བའི་ཐོག་ཟབ་ཁྲིད་དང་དྲི་བ་དྲིས་ལན། གཞན་ཡང་ཚོགས་ཆུང་སོ་སོར་ཆ་བགོས་ཀྱིས་ཚོགས་ཆེན་འདིའི་ཆེད་གཏན་འབེབས་གནང་བའི་གྲོས་གཞི་དོན་ཚན་ཁག་བདུན་གྱི་ཐོག་གོ་བསྡུར་ལྷུག་པོ་གནང་འདུག
ཕྱི ཚེས་ ༡༨ ཉིན་ཚོགས་ཆེན་མཇུག་སྒྲིལ་དང་སྟབས་བསྟུན་ཚོགས་བཅར་བ་ཡོངས་ཀྱིས་ཚོགས་འདུ་རྒྱས་འཛོམས་ཐོག་གྲོས་ཆོད་ཁག་གཅིག་གཏན་འབེབས་གནང་ཡོད། སྐབས་དེར་འཕྲོད་བསྟེན་བཀའ་བློན་མཆོག་གིས་ནད་རིགས་སྔོན་འགོག་དང་འཕྲོད་བསྟེན་གོང་སྤེལ། དབུས་སའི་འཛིན་སྐྱོང་གི་ལས་དོན་ཚགས་ཚུད་ཡོང་ཐབས་སུ་དགོངས་འཆར་དང་བགྲོ་གླེང་ལྷུག་པོ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག་གསུང་དོན། ཚོགས་ཆེན་འདི་མཇུག་སྒྲིལ་བཞིན་ཡོད་ཀྱང་། གཙོ་ཆེ་ཤོས་ཐེངས་འདིའི་ཚོགས་ཆེན་ཐོག་བཞག་པའི་གྲོས་ཆོད་ཁག་ལག་བསྟར་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། སང་གནངས་རྣམ་པ་ཚོ་ཚང་མ་སོ་སོའི་ས་གནས་སུ་འཐོན་རྒྱུ་རེད། སྤྱིར་སྡེ་ཚན་ཚང་མའི་འགོ་ལས་ཡོངས་ཀྱིས་རྣམ་ཀུན་ཕྱག་ལས་ཡག་པོ་གནང་མུས་ལྟར། ད་དུང་ཡང་མུ་མཐུད་སྔར་ལྷག་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ཅེས་ཞུ་རྒྱུ་ཡིན།
ལྷག་པར་ད་ཐེངས་༸སྐྱབས་མགོན་རིན་པོ་ཆེ་མཆོག་གིས་བཀའ་སློབ་ནན་པོ་ཕེབས་ཡོད་པར་བརྟེན། ནད་རིགས་སྔོན་འགོག་གི་ཐོག་ང་ཚོ་ཚང་མས་ཤུགས་རྒྱག་རྒྱུར་འབད་བརྩོན་གནང་དགོས། ཐེངས་འདིའི་ཚོགས་ཆེན་ཐོག་གྲོས་གཞི་ཁག་བདུན་ལ་ཚན་པ་རེར་དབྱེ་སྟེ་གྲོས་ཆོད་ཁག་མང་དག་ཅིག་གཏན་ལ་ཕབ་ཡོད། གཙོ་བོ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་སྣེ་ཁྲིད་འོག་སྨན་རྩིས་ཁང་དང་དགོན་སྡེ། སློབ་གྲྭ་ཁག་སོགས་ཀྱི་སྨན་ཁང་དང་། འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་རྒྱ་གར་དང་བལ་ཡུལ་ནང་ཡོད་པའི་སྨན་ཁང་ནས་གྲོས་ཆོད་ཁག་དེ་དག་ལག་བསྟར་ཡོང་ཆེད་ཤུགས་སྣོན་རྒྱག་རྒྱུ་གལ་ཆེན་པོ་ཆགས་ཡོད།
འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་སྨན་པ་ཚོ་བོད་པའི་སྤྱི་ཚོགས་ནང་ཕྱག་ལས་གནང་ཐུབ་ཆེད་གསོལ་ཕོགས་སོགས་ཀྱི་མཐུན་རྐྱེན་གང་ལེགས་སྦྱར་མུས་ཡིན། བོད་རིགས་སྨན་པ་ནང་ཁུལ་ whats app ཞེས་པའི་མཉེན་ཆས་སྟེང་ཚོགས་པ་ཞིག་བཙུགས་ཡོད་པ་ཤེས་རྟོགས་བྱུང་། དེར་བརྟེན་སྤྱི་ཚོགས་གཞན་ནང་ཕྱག་ལས་གནང་མཁན་སྨན་པ་རྣམས་ལ་སློབ་གསོ་སྐྱོན་རོགས་གནང་། འཕྲོད་བསྟེན་ལས་ཁུངས་ངོས་ནས་སྨན་པ་རྣམས་བོད་པའི་སྤྱི་ཚོགས་ནང་ཡོང་ཐབས་ཆེད་འབད་བརྩོན་ཞུ་མུས་ཡིན། ད་ལྟའི་ཆར་ཕྱི་ལུགས་སྨན་པ་སློབ་སྦྱོང་བྱེད་བཞིན་པ་བཅུ་དྲུག་བཅུ་བདུན་ཙམ་ཡོད། འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་འབོད་སྐུལ་ཞུས་ཏེ་སྨན་པ་རྣམས་ནམ་ཞིག་སོ་སོའི་སྤྱི་ཚོགས་ནང་ཚུར་ཕེབས་ཏེ་ཕྱག་ལས་གནང་རྒྱུའི་རེ་བ་ཞུ་བཞིན་ཡོད། ཅེས་སོགས་གསུངས་ཡོད།
སྤྱིར་ནད་རིགས་སྔོན་འགོག་དང་འབྲེལ་བའི་དམིགས་བསལ་ཚོགས་ཆེན་ཐེངས་དང་པོའི་ཐོག་འཕྲོད་བསྟེན་ཁྱབ་ཁོངས་རྒྱ་གར་གྱི་ས་གནས་ ༢༦ དང་། བལ་ཡུལ་གྱི་ས་གནས་ ༡༠ དེ་བཞིན་མོན་གྷོ་དགའ་ལྡན་བྱང་རྩེ་དང༌། འབྲས་སྤུངས་བློ་གསལ་གླིང༌། སྒོ་མང་གྲྭ་ཚང༌། སེར་སྨད་གྲྭ་ཚང༌། སེར་བྱས་གྲྭ་ཚང༌། རྣམ་གྲོལ་གླིང༌། བཀྲ་ཤིས་ལྷུན་པོ། རྒྱུད་སྟོད། སྦིར་དཔལ་སྤུངས་ཤེས་རབ་གླིང༌། རཱཇ་སྤུར་ས་སྐྱ་སྨན་ཁང༌། བོད་ཀྱི་སྨན་རྩིས་ཁང་དབུས་དང་ཡན་ལག། བདེ་ལེགས་སྨན་ཁང༌། གསོ་བ་རིག་པ་སྨན་པའི་ལྷན་ཚོགས། བོད་ཕྲུག་ཁྱིམ་སྡེ་དང༌། མ་སུ་རི་བོད་ཁྱིམ། བོད་སློབ་འཛིན་ཚོགས་དང་སཾ་བྷོ་ཊ་ཁྱབ་ཁོངས་སློབ་གྲྭ ས་རཱ་བོད་ཀྱི་མཐོ་སློབ། ཝར་ཎ་མཐོ་སློབ། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང༌། ལྕགས་པོ་རིའི་དྲན་རྟེན་བོད་སྨན་སློབ་གཉེར་ཁང༌། དེ་བཞིན་བོད་ཀྱི་བདེ་རྩ་བཅས་ནས་སྨན་པ་དང༌། སྨན་ཁང་འགན་འཛིན། སྨན་ཞབས་པ། འཕྲོད་ལས་པ་བཅས་ཁྱོན་མི་གྲངས་ ༡༢༩ མཉམ་ཞུགས་གནང་ཡོད། །