ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༢༠ རེས་གཟའ་པ་སངས།
༄༅། །བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་འགྲེམས་སྟོན་ཚན་པས་ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས ༡༨ ནས་ ༢༠ བར་ཉིན་གྲངས་གསུམ་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཁྱབ་ཁོངས་བོད་ཀྱི་འགྲེམས་སྟོན་ཁང་དུ་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་སྲུང་བརྩི་ཞུས་པ་དེ་ཉིད་མཇུག་སྒྲིལ་ཡོད།
དེ་ཡང་དེ་རིང་ཕྱི་ཚེས་ ༢༠ ཉིན་གྱི་ཉིན་རྒྱབ་ཆུད་ ༣ ཐོག་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གི་མདུན་ཐང་དུ་སྐུ་མགྲོན་གཙོ་བོ་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་། དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་ཆེད་ཕེབས་ཀྱིས་ཐོག་མར་རྡ་ས་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དང་།་ཤེས་རབ་དགའ་ཚལ་སློབ་གྲྭའི་སློབ་ཕྲུག་བཅས་ནས་གཞས་སྣ་འཁྲབ་སྟོན་ཞུས་གྲུབ་མཚམས་སྐུ་མགྲོན་གཙོ་བོ་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་གསུང་བཤད་གནང་དོན། ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་བོད་ཀྱི་འགྲེམས་སྟོན་ཁང་ནས་ཉིན་གྲངས་གསུམ་རིང་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་སྲུང་བརྩི་ཞུས་པའི་རིང་པར་རིས་དང་། བོད་པའི་ཆས་གོས། སྐུ་ཐང་སོགས་འགྲེམས་སྟོན་དང་། དེ་བཞིན་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དང་། ཤེས་རབ་དགའ་ཚལ་གླིང་བཅས་ནས་དེ་རིང་མཇུག་སྒྲིལ་མཛད་སྒོའི་ཐོག་མཉམ་ཞུགས་གནང་སྟེ་གཞས་སྣ་འཁྲབ་སྟོན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
གཞན་ཡང་ཕྱི་ཚེས་ ༡༨ ནས་ཉིན་གྲངས་གསུམ་རིང་བོད་དོན་དང་འབྲེལ་བའི་གཏམ་བཤད་དང་། འགྲེམས་སྟོན། འཁྲབ་སྟོན་སོགས་ཧ་ཅང་ཚགས་ཚུད་པོ་དང་ཡག་པོ་བྱུང་སོང་། ང་ཚོ་བོད་སྤྱི་པའི་པར་རིས་འགྲེམས་སྟོན་ནི། བོད་ཀྱི་ལོ་རྒྱུས་ཐོག་ནས་བོད་ཀྱི་གནས་སྟངས་གང་ཡིན་པ། བཙན་བྱོལ་དུ་ཡོང་བའི་རིང་གནས་སྟངས་གང་ཆགས་ཡོད། བཙན་བྱོལ་དུ་འབྱོར་རྗེས་༧རྒྱལ་བ་རིན་པོ་མཆོག་གིས་དབུ་ཁྲིད་འོག་བཙན་བྱོལ་ནང་སློབ་གྲྭ་དང་། དགོན་པ། གཞིས་ཆགས་གསར་འཛུགས་གནང་བ་སོགས་ལོ་ལྔ་བཅུ་ལྷག་ཙམ་རིང་ང་ཚོ་བཙན་བྱོལ་དུ་གནས་ཏེ། སྔོན་མར་ཆ་བཞག་པ་ཡིན་ན་ཧ་ཅང་ཡར་རྒྱས་ཕྱིན་ཡོད། གཞོན་སྐྱེས་ཚོ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་གི་ཡུལ་སྐོར་སྤྲོ་འཆམ་པ། བོད་དོན་ཐོག་དོ་སྣང་བྱེད་མཁན་སོགས་ཀྱི་སྤྱན་ལམ་དུ་གཟིགས་རྒྱུའི་གོ་སྐབས་རགས་ཡོད་པར་བརྟེན་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་སྲུང་བརྩི་ཞུས་པ་འདིའི་རྒྱལ་སྤྱིའི་ནང་ཕན་ཐོགས་དང་།
དེ་ཡང་དེ་རིང་འགྲེམས་སྟོན་ཁང་འདིའི་ནང་མཉམ་ཞུགས་གནང་མཁན་སློབ་ཕྲུག་ཁྱེད་རང་ཚོ་མ་འོངས་པར་འགྲེམས་སྟོན་ཁང་འདི་ནས་ཁྱེད་རང་ཚོའི་པར་དེ་དག་མ་འོངས་པར་མཐོང་ཐུབ་རྒྱུ་ཡིན་པ་རེད། གང་ལྟར་འགྲེམས་སྟོན་ཁང་གི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་དབུས་པའི་ལས་བྱེད་རྣམས་ཀྱིས་ལོ་མང་རིང་འགྲེམས་སྟོན་ཁང་འདི་ཚགས་ཚུད་ཡོང་རྒྱུར་དཀའ་ལས་བརྒྱབ་ཡོད་སྟབས། ད་ལྟ་འབྲས་བུར་བོད་མི་ཙམ་དུ་མ་ཟད་ཕྱི་རྒྱལ་མི་སྣ་མང་པོ་ཞིག་གིས་འགྲེམས་སྟོན་ཁང་འདིའི་ནང་ལྟ་སྐོར་དུ་ཕེབས་ནས་པར་རིས་དེ་དག་ཐོག་ནས་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་ཐོག་གོ་རྟོགས་ཡག་པོ་བསྐྲུན་ཐུབ་ཡོད། སྤྱིར་ཡི་གེ་ཀློག་པ་ལས་པར་ཐོག་ནས་གོ་རྟོགས་ཡག་པ་ཞིག་ཡོང་གི་ཡོད་པར་བརྟེན་བོད་ཀྱི་འགྲེམས་སྟོན་ཁང་འདི་ཚགས་ཚུད་པོ་བྱུང་འདུག དེ་བཞིན་དེ་རིང་ཉིན་མ་མཐའ་མ་དེར་མཉམ་ཞུགས་གནང་མཁན་སློབ་ཕྲུག་ཚོ་དང་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད་པ་བཅས། །