༢༠༡༦ ཟླ་ ༥ ཚེས་ ༡༨ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༡༧ ཉིན་སྦིར་ཁུལ་རྗེས་འབྱོར་བོད་མི་རྣམས་ཀྱི་ཆེད་སྡོད་ཁང་གསར་རྒྱག་གི་ལས་གཞི་ཡོངས་སུ་ལེགས་གྲུབ་ཀྱིས་དབུ་འབྱེད་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཐོག་མར་བཀའ་ཤག་གི་ཚབ་ཞུས་ཏེ་མཛད་སྒོར་ཕེབས་མཁན་ཡོངས་ལ་འཚམས་འདྲི་གནང་བ་དང་ཆབས་ཅིག་གསུང་དོན།
དེང་སྐབས་ཁང་པ་གསར་རྒྱག་ཆེད་ས་ཆ་རག་ཁག་པོ་ཡིན་པ་ཙམ་མ་ཟད། གཞིས་ཆགས་ཁག་གི་ནང་ཚོགས་ཁང་ཞིག་རྒྱག་དགོས་ཀྱང་རོགས་དངུལ་རག་རྒྱུ་ཧ་ཅང་ཁག་པོ་རེད། རོགས་ཚོགས་ཁག་གིས་ཁང་པ་རྒྱག་རྒྱུར་དངུལ་སྤྲད་ཐུབ་ཀྱི་མེད་ཅེས་ཧ་ཅང་གསལ་པོ་གསུང་བཞིན་ཡོད། འོན་ཀྱང་རྣམ་པ་ཚོར་ཨི་ཌ་དང་། སྒྲོལ་མ་ཐེབས་རྩ་ཚོགས་པ། གཙོ་བོ་ལི་ལིས་རོགས་དངུལ་ཕོན་ཆེ་ཞིག་གནང་ནས་གཞིས་ཆགས་བརྒྱབ་ཐུབ་པ་བྱུང་ཡོད། ཅེས་དང་། སྲིད་སྐྱོང་མཆོག་གིས་མུ་མཐུད་གསུང་དོན། གཙོ་ཆེ་ཤོས་༸གོང་ས་མཆོག་གིས་དུས་རྟག་ཏུ་སྐྱོ་བོ་ཉམ་ཐག་དང་ནད་པ། ཕྲུ་གུ། བོད་ནས་གསར་དུ་འབྱོར་མཁན་ཚོར་ལྟ་རྟོག་བྱེད་རྒྱུར་དམིགས་བསལ་འགན་ཡོད་སྐོར་བཀའ་སློབ་ཕེབས་ཀྱི་ཡོད་པ་ལྟར། ༸གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་ལག་བསྟར་བྱེད་ཐུབ་པ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། ལས་གཞི་འདིའི་ཐོག་ནང་སྲིད་བཀའ་བློན་མཆོག་གིས་དབུ་ཁྲིད་པའི་ནང་སྲིད་ལས་ཁུངས་ཀྱི་འགོ་ལས་ཡོངས་ཀྱིས་སྐུ་ལས་སྐྱོན་པར་ངས་སྙིང་ཐག་པ་ནས་བསྔགས་བརྗོད་ཞུ་རྒྱུ་ཡིན། བོད་མིའི་སྒྲིག་འཛུགས་ལ་བོད་མི་ཡོངས་ཀྱི་འགན་ཡོད་སྟབས། སྐབས་རེར་བཀའ་ཤག་གི་ངོས་ནས་བོད་ནས་གསར་དུ་འབྱོར་མཁན་རྣམས་ཀྱི་ཆེད་ལས་དོན་གང་ཞིག་བསྒྲུབ་ཀྱི་ཡོད་མེད་འདྲི་མཁན་ཡོང་བཞིན་ཡོད། དེའི་ཐོག་ཐེངས་འདིའི་བཀའ་ཤག་གི་ངོས་ནས་གང་ལ་གང་ཙམ་ལས་དོན་བསྒྲུབས་ཡོད། དཔེར་ན། ཤེས་རབ་དགའ་ཚལ་སློབ་གླིང་ནང་སྔོན་མ་ཡིན་ན་ལོ་གསུམ་གྱི་ཐོག་ལོ་གཉིས་བཅས་ལོ་ལྔ་སྡོད་ཆོག་གི་འདུག ཤེས་རབ་དགའ་ཚལ་སློབ་གླིང་ནས་བསླབ་པ་ཐར་སོན་རྗེས་ལག་འཁྱེར་དང་ལག་ཤེས་གང་རུང་མེད་ན་འཚོ་བ་སྐྱེལ་ཁག་པོ་ཡོད་པར་བརྟེན་ལོ་བརྒྱད་སྡོད་ཆོག་པ་བཟོས་ཡོད། སྔོན་མ་དང་མི་འདྲ་བར་ཤེས་རབ་དགའ་ཚལ་སློབ་གླིང་ནང་སློབ་སྦྱོང་བྱེད་རྒྱུ་ཡིན་ན་འཛིན་རིམ་བཅུ་གཉིས་བར་སློབ་སྦྱོང་བྱེད་ཆོག་པ་དང་། འཛིན་རིམ་བཅུ་གཉིས་རྗེས་མཐོ་སློབ་ཏུ་བསྐྱོད་རྒྱུའི་སློབ་ཡོན་ཆ་ཚང་ཤེས་རིག་ལས་ཁུངས་ནས་འབུལ་རྒྱུའི་ལམ་སྲོལ་བཟོས་ཡོད།
དེ་བཞིན་ཞལ་ལག་བཟོ་སྟངས་དང་ཀམ་པུ་ཊར་སྦྱོང་བརྡར་སོགས་ལག་ཤེས་སློབ་སྦྱོང་བྱེད་རྒྱུ་ཡོད་པ་མ་ཟད། ཤེས་རབ་དགའ་ཚལ་སློབ་གླིང་ནས་དེ་སྔ་སྒེར་གྱི་དཀའ་ངལ་སོགས་ཀྱིས་རྐྱེན་པས་སློབ་སྦྱོང་བར་མཚམས་བཞག་དགོས་བྱུང་བའི་རིགས་ལ་བསྐྱར་དུ་སློབ་སྦྱོང་མུ་མཐུད་བྱེད་རྒྱུའི་གོ་སྐབས་ཀྱང་བསྐྲུན་ཡོད། རྡ་སར་ས་ཆ་དང་ཁང་པ་ཧ་ཅང་གོང་ཆེན་ཡིན་པར་བརྟེན། རྡ་སར་ཡོད་པའི་བོད་ནས་གསར་དུ་འབྱོར་མཁན་རྣམས་ལ་གཞིས་ཆགས་དང་ཁང་པ་རྒྱག་རྒྱུ་ཧ་ཅང་ཁག་པོ་རེད། འོན་ཀྱང་ཁོང་ཚོར་ལག་ཤེས་སློབ་སྦྱོང་སྤྲད་ཆེད་དེ་སྔའི་སྣེ་ལེན་ཁང་དུ་ནང་སྲིད་ལས་ཁུངས་ནས་ཀམ་པུ་ཊར་དང་མོ་ཊ་གཏོང་སྟངས་སོགས་ལག་ཤེས་སྦྱོང་བརྡར་གནང་རྒྱུའི་ལས་གཞི་འགྲོ་མུས་ཡིན། ཞེས་དང་། མཐར་སྲིད་སྐྱོང་མཆོག་གིས་སྡོད་ཁང་ཐོབ་མཁན་ཚོར་གཙང་སྦྲ་འཕྲོད་བསྟེན་ཡག་པོ་བྱེད་དགོས་པ་དང་ནང་ཁུལ་འཆམ་མཐུན་གནང་དགོས་པའི་སྐུལ་ཅག་གནང་དོན། རྣམ་པ་ཚོར་གོང་དུ་ལམ་སྟོན་ཞུས་པ་བཞིན་གཙང་སྦྲ་འཕྲོད་བསྟེན་ཡག་པོ་གནང་རོགས། རོགས་དངུལ་གནང་མཁན་ཕྱི་རྒྱལ་ནས་ཡིན་སྟབས། ཕྱི་ཟླ་ ༡༠ ནང་ཕེབས་རུང་། ཡང་ན་ལོ་གཉིས་གསུམ་རྗེས་སུ་ཕེབས་པ་ཡིན་ནའང་རེད། གང་ལྟར་ཁང་པ་འདི་དག་བདག་གཉེར་ཡག་པོ་བྱས་འདུག གཙང་མ་བྱས་ནས་བསྡད་འདུག་ཟེར་རྒྱུ་ཡོད་པ་ཞིག་བཟོ་དགོས་རེད་དྲན་གྱི་འདུག
ལྷག་པར་ནང་ཁུལ་མཐུན་འབྲེལ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། རྣམ་པ་ཚོས་ད་བར་མཐུན་འབྲེལ་ཧ་ཅང་ཡག་པོ་གནང་ཡོད། འགན་འཁུར་མཁན་ཚོ་ཡིན་ནའང་སྐུ་ལས་ཧ་ཅང་བསྐྱོན་ཡོད། ཁྲིམས་དང་སྒྲིག་གཞི་གཞིར་བཟུང་འགྲོ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་ཚོ་རྒྱ་གར་ནང་སྐྱབས་བཅོལ་དུ་གནས་ཡོད་སྟབས། རྒྱ་གར་གཞུང་དང་མི་དམངས་ལས་བཀའ་དྲིན་ཆེ་བའི་རྒྱལ་ཁབ་གཞན་གཅིག་ཀྱང་མེད་པར་བརྟེན། ས་གནས་ཡུལ་མིར་རྩི་བཀུར་དང་མཐུན་འབྲེལ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་བཞིན་རྒྱ་གར་གཞུང་གི་ཁྲིམས་དང་སྒྲིག་གཞིར་བརྩི་སྲུང་བྱེད་དགོས། ཁྲིམས་འགལ་རིགས་བྱས་ནས་རྙོག་གྲ་ཆེན་པོ་བྱུང་བ་ཡིན་ན། བོད་མི་ཙམ་མ་ཟད། བོད་སྤྱི་པའི་རྩ་དོན་ལའང་གནོད་ངེས་རེད། ༸གོང་ས་མཆོག་ཐུགས་ཕམ་སྲིད་པ་རེད། དེར་བརྟེན་ཡུལ་ཁྲིམས་ལ་བརྩི་སྲུང་དང་ཡུལ་མིར་མཐུན་འབྲེལ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། འདི་ངེས་པར་དུ་ཐུགས་ལ་འཇགས་རོགས། ད་བར་ལས་གཞི་འདིའི་ཐོག་ཕྱག་ལས་གནང་མཁན་ནང་སྲིད་བཀའ་བློན་དང་དྲུང་ཆེ། ལས་བྱེད་རྣམ་པ། སྦིར་སྡེ་ཁག་གསུམ་ནས་མཐུན་འགྱུར་གནང་མཁན། ས་གནས་ནས་སྐུ་ལས་སྐྱོན་མཁན་ཡོངས་ལ་ངོས་ནས་བཀའ་ཤག་གི་ཚབ་བྱས་ཏེ་སླར་ཡང་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས།།