༢༠༡༦ ཟླ་ ༥ ཚེས་ ༧ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༧ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢ ཐོག་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་སྤྱི་འཐུས་ཚོགས་གཙོ་ལས་ཐོག་པ་སྤེན་པ་ཚེ་རིང་མཆོག་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་སྐོར་གསར་འགོད་པར་ངོ་སྤྲོད་གནང་དོན། བཀའ་ཤག་ནས་དཔལ་ལྡན་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་རྒྱུར་ཐུགས་ཐག་བཅད་པ་བཞིན་གསལ་བསྒྲགས་ཀྱང་གནང་གྲུབ་པ་རེད། སྐུ་ཞབས་སྤེན་པ་ཚེ་རིང་མཆོག་སྤྱི་ཚོགས་ནང་ཕྱག་ལས་ཡུན་རིང་གནང་མྱོང་ཡོད་པ་མ་ཟད། ཉམས་མྱོང་ཧ་ཅང་ཆེན་པོ་ཡོད་སྟབས།
བྱང་ཨ་རིའི་ས་གནས་གལ་ཆེན་པོ་དང་བོད་མི་གྲངས་འབོར་ཕོན་ཆེ་ཡོད་པར་བརྟེན་ཁོང་སྐུ་ཚབ་དོན་གཅོད་གནང་བ་ཡིན་ན། ཕན་ཐོགས་ཧ་ཅང་ཡོང་རྒྱུ་ཡིན་པ་བཀའ་ཤག་ལ་ཡིད་ཆེས་རྙེད་པ་ལྟར་ཁོང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་བ་ཡིན། ཞེས་གསུངས། དེ་རྗེས་གསར་འགོད་པའི་དྲི་བར་ལན་འདེབས་གནང་སྐབས་ད་ལྟ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཐོག་པ་དབུ་དཀར་ཚང་སྐལ་རྡོར་ལགས་མུ་མཐུད་ནས་བཞུགས་སྒར་དུ་བོད་མིའི་སྒྲིག་འཛུགས་ནང་ཕྱག་ལས་གནང་འདོད་ཡོད་སྐོར་གསུངས་པ་དང་སྦྲགས། འབྱུང་འགྱུར་ཁོང་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་དང་གོ་གནས་ཇི་འདྲ་ཞིག་ཐོག་ཕྱག་ལས་གནང་མིན་སྐོར་ད་ལྟའི་འཆར་ཐག་གཅོད་གནང་མེད་སྐོར་གསལ་བཤད་གནང་འདུག་པ་བཅས།།