༢༠༡༦ ཟླ་ ༥ ཚེས་ ༤ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༢ ཉིན་དགེ་འདུན་པ་བློ་བཟང་ཐུབ་བསྟན་ཞུ་བ་ཞིག་རྔ་བ་རྫོང་གི་ཁྲོམ་གཞུང་དུ་ཞི་བའི་སྐད་འབོད་གནང་སྟེ་ཉེན་རྟོག་པས་འཛིན་བཟུང་བཙན་འཁྲིད་བྱས་པའི་གནས་ཚུལ་ཐོན་འདུག
དེ་ཡང་བརྒྱུད་ལམ་ཁག་ནང་གནས་ཚུལ་སྤེལ་བ་ལྟར་ན། བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༣ པའི་ཐོག རྔ་བ་རྫོང་གི་ཁྲོམ་གཞུང་དུ་དགེ་འདུན་པ་བློ་བཟང་ཐུབ་བསྟན་ལགས་ཀྱིས་ལག་ཏུ་༧གོང་ས་མཆོག་གི་སྐུ་པར་བཟུང་སྟེ། སྐད་འབོད་རྒྱག་བཞིན་ཞི་བའི་གོམ་བགྲོད་གནང་ཡོད་པ་དང་། དེ་མ་ཐག་ཉེན་རྟོག་པ་བསླེབས་ཏེ་ཁོང་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག
དགེ་འདུན་པ་བློ་བཟང་ཐུབ་བསྟན་ལགས་ནི་རྔ་བ་ཀིརྟི་དགོན་ནས་ཡིན་ཞིང་། རྔ་བ་རྫོང་རྨེ་རུ་མ་ཡུལ་ཚོའི་རུ་ཆེན་དང་པོ་ནས་ཡིན་འདུག ད་ལྟའི་ཆར་ཁོང་གི་གནས་སྟངས་ག་འདྲ་ཆགས་ཡོད་མེད་སོགས་ཅི་ཡང་ཤེས་རྟོགས་ཐུབ་ཀྱི་མེད་སྟབས། ཁོང་གི་ཁྱིམ་མི་སོགས་ཀྱིས་བློ་འཚབ་ཆེན་པོ་བྱེད་བཞིན་ཡོད་འདུག