༢༠༡༦ ཟླ་ ༥ ཚེས་ ༢༧ རེས་གཟའ་པ་སངས།
༄༅། །བོད་རྒྱལ་ལོ་ ༢༡༤༣ རབ་གནས་མེ་སྤྲེལ་ལོའི་བོད་ཟླ་ ༤ ཚེས་ ༢༡ དང་། ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༢༧ ཉིན་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་དབུས་སུ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་བཙན་བྱོལ་བོད་མི་མང་ཚོགས་ཀྱིས་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གི་དམ་འབུལ་མཛད་སྒོ་གཟབ་རྒྱས་ངང་ཚོགས་སྐབས་སྐུ་མགྲོན་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་འདི་གར་ང་ཚོ་བོད་མི་བཙན་བྱོལ་སྒྲིག་འཛུགས་ཀྱི་དབུ་ཁྲིད་དང་། འགན་ཁུར་བ་རྣམ་པ་ཚོ། ཡུལ་གྲུ་འདྲ་མིན་ནས་ཕེབས་པའི་གྲོགས་པོ་རྣམ་པ། བོད་མི་སྐྱ་སེར་རྒན་བྱིས། མཆེད་གྲོགས་རྣམ་པ་ལྷན་རྒྱས་ལ་ཞུ་རྒྱུར། ད་ལྟ་ཞིབ་ཕྲ་དེ་སྲིད་སྐྱོང་གི་གསུང་བཤད་ནང་གསུངས་སོང་། ངོས་ནས་དམིགས་བསལ་ཞུ་རྒྱུ་མི་འདུག
གང་ལྟར་ང་ཚོ་བོད་གངས་ཅན་པ་ཞེས་འཛམ་གླིང་ཡོངས་གྲགས་སུ་འཛམ་གླིང་ཡང་ཐོག་ཅེས་ཤོད་ཀྱི་ཡོད། མིང་ལ་ས་ཆའི་བབ་དང་གཞིགས་ནས་འཛམ་གླིང་ཡང་ཐོག་ཅེས་བརྗོད་སྲོལ་ཡོད་པ་བཞིན། ང་རང་ཚོ་མི་རིགས་ཀྱི་ཆོས་དང་རིག་གཞུང་དེ་ཧ་ལས་པའི་ཕྱུག་པོ་རེད་འདུག སོ་སོའི་རིག་གཞུང་ཡིན་ཞེས་བརྗོད་ནས་རྨོངས་ཞེན་བྱས་པ་མ་ཡིན་པར་རྒྱུ་མཚན་ལྡན་པ་ཞིག་རེད་འདུག ངོས་རང་བཙན་བྱོལ་བ་བྱས་ནས་ལོ་དེ་དག་ཕྱིན་པ་རེད། ལོ་ངོ་དེ་དག་གི་རིང་མི་མང་པོ་ཞིག་ཐུག་རྒྱུ་བྱུང་ཡོད། མཁས་དབང་མང་པོ་ཐུག་པ་རེད། ཚན་རིག་པ་དང་མི་འདྲ་མིན་ཐུག་ཡོད། དེ་བཞིན་ནང་པའི་ཡུལ་གྲུ་ཁག་ནས་མཁས་དབང་དང་ཆོས་པ་མང་པོ་ཞིག་ཀྱང་ཐུག་ཡོད། མི་སྣ་དེ་དག་ཐུག་པའི་སྐབས་ལ་ང་རང་ཚོར་འདས་པའི་ལོ་སྟོང་ཕྲག་ལྷག་གི་རིང་ལ་གཙོ་ཆེ་མཁན་ཆེན་ཞི་བ་འཚོ་རེད། མཁན་སློབ་ཆོས་གསུམ་བཅས་དེ་དུས་བོད་ལ་གསར་གཏོད་བྱས་པའི་དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་ཆོས་བརྒྱུད་དེ་ཆོས་ཞེས་བརྗོད་ན་མིང་ཐུང་ངུ་ཞིག་རེད། དངོས་གནས་བྱས་ན་དེ་ལྟ་གྲུབ་རང་རེད་འདུག ནཱ་ལེནྡྲའི་ཆོས་བརྒྱུད་ཅེ་ན། རིག་པའི་བརྟག་དཔྱད་བྱེད་རྒྱུ་ཡོད་པ་ཞིག་གོ་དགོས། བཅོམ་ལྡན་འདས་ཁོང་རང་གིས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་གསུངས་པ་བཞིན་རིག་པ་འབའ་ཞིག་གི་ཐོག་ནས་བརྟག་དཔྱད་བྱས། རྒྱུ་མཚན་བཙལ། དངོས་སུ་ལག་ལེན་བཀལ་ནས་ཉམས་མྱོང་བསགས་ནས་བརྟག་དཔྱད་བྱས་ཏེ་ཡིད་ཆེས་འཕེར་བ་ཞིག་དང་། དངོས་ཡོད་གནས་ཚུལ་ར་འཕྲོད་པ་ཞིག་འདུག་ན་ཁས་ལེན་བྱས། འཛམ་གླིང་འདི་སྒང་གི་ཆོས་ལུགས་ཚང་མ་ཧ་ཅང་ཡག་པོ་རེད། ལོ་སྟོང་ཕྲག་མང་པོའི་རིང་མི་སྤྱི་ལ་ཕན་ཐོགས་བྱེད་ཀྱི་ཡོད།
ད་ལྟ་ཡིན་ནའང་ཕན་གྱི་ཡོད། མ་འོངས་པ་ཡིན་ནའང་ཕན་གྱི་རེད། ཡིན་ནའང་སྟོན་པ་རང་ཉིད་ཀྱིས་གསུངས་པའི་བཀའ་དེར་དད་པ་དང་མོས་གུས་བྱས་ནས་ཁས་བླང་དགོས་མ་རེད། ཅེས་རྒྱུ་མཚན་བརྟག་དཔྱད་བྱོས། ཞེས་གསུངས་པ་འདི་བཅོམ་ལྡན་འདས་ཀྱི་གསུང་སྤྱི་དང་ལྷག་པར་ནཱ་ལེནྡྲའི་ལེགས་སྦྱར་ཆོས་བརྒྱུད་ནང་ལ་མ་གཏོགས་ཧ་ལམ་མེད། དེར་བརྟེན་དེ་རིང་ཁ་སང་དེ་འདྲས་ཆོས་བརྒྱུད་རླབས་ཆེན་པོ་ཞིག་དང་སྤུས་དག་པོ་ཞིག་བོད་པ་གཅིག་པུར་མ་གཏོགས་མེད་པའི་བཟོ་འདྲ་འདུག དེ་ཧ་ཅང་གསལ་པོ་རེད། འཛམ་གླིང་འདིར་ནང་པ་ཧ་ཅང་མང་པོ་ཡོད། དེའི་ནང་ནས་ནཱ་ལེནྡྲའི་ཆོས་བརྒྱུད་འཛིན་མཁན་རྒྱ་ནག་སོགས་ཡུལ་གྲུ་དེ་དག་རྩ་བའི་ནཱ་ལེནྡྲ་ལ་ཁུངས་གཏུགས་ནས་འབྱུང་བ་གཅིག་པ་རེད། ཡིན་ནའང་དེར་ལོ་མང་སློབ་སྦྱོང་བྱས། དེ་ཡང་ཚད་མའི་གཞུང་དང་འབྲེལ་ནས་སློབ་སྦྱོང་བྱས་པ་དེ་ང་ཚོ་བོད་ལ་མ་གཏོགས་མེད་པ་ཞིག་རེད་འདུག དེར་བརྟེན་ང་རང་ཚོའི་མི་རིགས་དེ་དངོས་གནས་དྲང་གནས་འཛམ་གླིང་འདིའི་སྒང་ནང་པའི་ཆོས་བརྒྱུད་ཡོང་གྲགས་ཡིན་ནའང་གལ་ཆེ་ཤོས་ཤིག་ཆགས་ཡོད། དེའི་ནང་ནས་དངོས་གནས་དྲང་གནས་རིག་པའི་ལམ་ནས་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་གཏན་ལ་དབབ་རྒྱུ་ཡོད་པའི་དཔལ་ནཱ་ལེནྡྲའི་མཁས་དབང་ཚོའི་བཞེད་གཞུང་འདི་བོད་པས་དུས་ད་ལྟ་བར་དུ་བདག་པོ་བརྒྱབ་ནས་བསྡད་པ་རེད། ནམ་རྒྱུན་ངོས་ནས་བཤད་པ་བཞིན། ཆེ་ས་ནས་བཤད་ན་འཛམ་གླིང་གི་སྤྱི་ནོར་རེད། ཅེས་བརྗོད་ཐུབ་པ་ཞིག་རེད་འདུག དེ་རིང་ཁ་སང་དངོས་གནས་འཛམ་གླིང་འདིའི་སྒང་ལ་ནང་སེམས་ཀྱི་ཞི་བདེ་དང་སེམས་ཁམས་རིག་པའི་སྐོར་ལ་ཚན་རིག་པ་དང་ཆོས་དད་མེད་མཁན་ཚོའི་ནང་ལ་རིམ་བཞིན་དོ་སྣང་དེ་འདྲ་ཞིག་བསླེབས་ཡོང་བའི་སྐབས་དེར་རེ་བ་བརྒྱབ་ས་འདི་ང་ཚོས་དུས་ཡུན་ལོ་བརྒྱ་ཕྲག་མང་པོའི་རིང་ལ་བདག་པོ་བརྒྱབས་ནས་ཉར་བ་འདིས་ཁོང་ཚོས་རེ་བ་བསྐོང་ཐུབ་ཀྱི་ཡོད་པའི་བཟོ་འདྲ་ཆགས་ཡོང་གི་འདུག
ཕྱོགས་གཅིག་ནས་བསམ་བློ་གཏང་ན་ང་ཚོ་བཙན་བྱོལ་བ་ཞིག་བྱས་ནས་བསྡད་ཡོད་སྟབས་ཧ་ཅང་གི་སེམས་སྐྱོ་པོ་དང་ཐབས་སྐྱོ་པོ་རེད། ཕྱོགས་གཅིག་ནས་རྐྱེན་ངན་གྲོགས་ལ་ཤར་བ་ནང་བཞིན་འཛམ་བུ་གླིང་འདིའི་སྒང་ལ་ང་ཚོ་བོད་མི་རིགས་ཀྱི་རང་སྐྱ་འཕེར་བའི་སྐད་ཡིག་འདིའི་ནང་ནས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ལྟ་གྲུབ་དེ་དག་གསོན་ཉམས་ལྡན་པ་ཡོད་པ་ཞིག་ང་ཚོས་བོད་པས་བདག་པོ་བརྒྱབ་ཡོད། དེར་བརྟེན་འཛམ་གླིང་ཡང་ཐོག་ཅེས་བརྗོད་པ་ནང་བཞིན་རིག་གཞུང་དང་ལྟ་གྲུབ་ཀྱི་ཐོག་ནས་བཤད་ན་ཕལ་ཆེར་ཡང་རྩེ་བཟོ་འདྲ་ཞིག་ཆགས་ཡོད་པ་དེ་ངོས་ཀྱིས་བརྗོད་ཐུབ་པ་ཞིག་རེད། ངོས་ཀྱིས་བརྗོད་པ་འདི་བདེན་པ་རེད་འདུག་གམ་མིན་འདུག ཁྱེད་རང་ཚོས་བརྟག་དཔྱད་བྱོས་དང་། ངོས་ཀྱིས་རྩེད་མོ་དང་སྦྲགས་ནས་ཕྱི་རྒྱལ་མི་ཁ་ཤས་ལ་དེ་འདྲ་ཤོད་ཀྱི་ཡོད། ངོས་ཀྱིས་བཤད་པ་འདི་བདེན་པ་རེད་འདུག་གམ་མི་འདུག ཁྱེད་རང་ཚོས་བརྟག་དཔྱད་བྱས་པ་ལ་ཉུང་མཐར་ཁྱེད་རང་ཚོས་ལོ་ཤུ་སུམ་ཅུ་སློབ་སྦྱོང་བྱེད་དགོས་རེད། ཅེས་བརྗོད་པ་ཡིན།
ཁྱེད་རང་ཚོ་ཡིན་ནའང་ངོས་ཀྱིས་བཤད་པ་འདི་བདེན་པ་རེད་འདུག་གམ་མི་འདུག ཁྱེད་རང་ཚོས་སློབ་སྦྱོང་བྱེད་དགོས་རེད། སོ་སོའི་བོད་སྐད་ནང་སློབ་སྦྱོང་བྱེད་རྒྱུ་ཡོད་སྟབས་ལོ་བཅུའམ་བཅོ་ལྔ་སློབ་སྦྱོང་བྱེད་དགོས། གང་ལྟར་དངོས་གནས་ང་ཚོ་བོད་ཀྱི་མི་རིགས་དེ་འདྲ་ཞིག་རེད་འདུག བར་སྐབས་ང་ཚོ་ཧ་ཅང་རྐྱེན་ངན་ཆེན་པོ་བྱུང་ཡོད་ཀྱང་གཙོ་ཆེ་ཤོས་གཞིས་ལུས་རྒྱ་ཆེའི་མི་མང་དེ་དག་གི་ལྷག་བསམ་དང་སྙིང་སྟོབས་ངོ་མཚར་སྐྱེ་རྒྱུ་རེད། དེ་དང་ཆབས་གཅིག་སྙིང་སྟོབས་དང་ལྷག་བསམ། སེམས་ཤུགས་དེ་དག་ཞི་བའི་ལམ་ལ་བརྟེན་ནས་འགྲོ་བ་ཞིག་ཆགས་ཀྱི་ཡོད། དེར་བརྟེན་བོད་གཞིས་ལུས་རྒྱ་ཆེའི་མི་མང་དེ་དག་གིས་དཀའ་ལས་དེ་འདྲ་ཞིག་བརྒྱབ། སྙིང་སྟོབས་དེ་འདྲ་ཞིག་འཁྱེར་ཡོང་སྐབས་ང་ཚོ་བཙན་བྱོལ་བོད་མི་ཚོས་གཞིས་ལུས་རྒྱ་ཆེའི་མི་མང་གི་ཚབ་བྱེད་དགོས་ཀྱི་ཡོད། འདས་པའི་ལོ་ལྔ་བཅུ་ང་བདུན་ལྷག་གི་རིང་ང་ཚོ་ཚང་མས་ཧུར་ཐག་འབད་ཐག་བྱས་ཡོད།
ཐོག་མར་གཞི་མེད་ས་ཞིག་ནས་གཞི་ཡར་བཙུགས། དེ་ནས་གཙོ་བོ་རྒྱ་གར་གཞུང་གི་རོགས་རམ་དང་། དེ་བཞིན་རྒྱལ་སྤྱི་ཚོགས་པ་ཁག་གཅིག་གི་རོགས་རམ་འོག་ནས་ང་ཚོ་བཙན་བྱོལ་འདྲ་འདྲའི་ནང་ནས་མ་འདྲ་བ་ཞིག་ཆགས་ཡོད་པ་རེད། དེ་རིང་ཁ་སང་དུས་ཚོད་འདིར་གོང་དུ་ངོས་ནས་བཤད་མ་ཐག་པ་ལྟར་ཧ་ལམ་འཛམ་གླིང་འདིའི་སྒང་ལ་དངོས་པོ་ཡར་རྒྱས་ཧ་ལས་པ་ཕྱིན་ཡོད་པ་མ་ཟད། ད་དུང་ཡར་རྒྱས་འགྲོ་བཞིན་ཡོད། ཕྱི་དངོས་པོའི་ཡར་རྒྱས་དང་འབྲེལ་བའི་ཤེས་ཡོན་གྱི་སློབ་སྦྱོང་ཧ་ཅང་ཚད་མཐོ་པོ་ཡོད། ཡིན་ནའང་དངོས་པོ་ཡར་རྒྱས་དང་འབྲེལ་བའི་ཤེས་ཡོན་དེ་གཅིག་པུས་མིའི་སྤྱི་ཚོགས་བདེ་སྐྱིད་ལྡན་པ་ཞིག་བཟོ་ཐུབ་ཀྱི་མེད། དེ་དང་ཆབས་གཅིག་སྤྱི་ཚོགས་ནང་ལ་དྲང་བདེན་མེད་པ། སྐྱག་རྫུན། ཧམ་པ། ཐུབ་ཚོད། ལྐོག་ཟ་རུལ་སུངས་དེ་དག་དངོས་པོ་ཡར་རྒྱས་ཡོད་པའི་དེང་དུས་ཤེས་ཡོན་ཅན་གྱི་ཡུལ་ལུང་དེ་དག་ནང་དེའི་ཐོག་སྟངས་འཛིན་བྱེད་ཐུབ་ཀྱི་མི་འདུག ད་ལྟ་འཛམ་གླིང་འདིའི་སྒང་ལ་རྙོག་གྲ་བཟོ་མཁན་དང་མགོ་བདེ་དྲན་འཁྲུལ་བྱེད་མཁན་མང་ཆེ་བ་དེ་དག་དེང་དུས་ཀྱི་ཤེས་ཡོན་རྩེ་ཕུད་ཡོད་མཁན་དེ་ཆགས་ཡོད། མ་འདྲ་བ་ནི་དེ་རིང་ཁ་སང་འཛམ་གླིང་འདིའི་སྒང་ལ་མི་མང་པོས་ངོས་འཛིན་བྱེད་ཀྱི་འདུག དངོས་པོ་ཡར་རྒྱས་དང་ཤེས་ཡོན་དེ་ཚོའི་ཐོག་ནས་ཧ་ཅང་ཡག་པོ་ཡོད་ཀྱང་ཨིན་ཇིའི་ཚིག་ནང་ཡོད་པ་བཞིན། Moral Principles ཡ་རབས་བཟང་སྤྱོད་ཀྱི་ལྟ་སྤྱོད་དེ་འདང་གི་མི་འདུག ཅེས་མི་མང་པོས་དེ་འདྲ་བརྗོད་ཀྱི་འདུག
དེར་བརྟེན་བར་སྐབས་དམིགས་བསལ་ང་ཚོས་སྨོན་ལམ་དང་འདོན་པ་བཏོན་པ་མ་ཡིན་པར་ཤེས་ཡོན་གྱི་ཐོག་ནས་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཡར་རྒྱས་གཏོང་རྒྱུ་ཞིག་འབད་བརྩོན་བྱས་ནས་ལོ་བཅུ་གྲངས་ཕྱིན་པ་རེད། ད་དུང་ང་ཚོས་འབད་བརྩོན་བྱེད་བཞིན་པ་རེད། གང་ལྟར་ང་ཚོ་བོད་མི་བཙན་བྱོལ་བ་འབུམ་གཅིག་དང་ལྷག་ཙམ་ཡོད་པ་དེ་དག་གི་སོ་སོའི་མི་ཚེ་འགྲོ་སྟངས་གཅིག་པུ་མ་ཡིན་པར་དེ་རིང་ཁ་སང་ཤེས་ཡོན་གྱི་ཐོག་ནས་འཛམ་གླིང་སྤྱི་ལ་ཕན་ཐོགས་བྱེད་ཐུབ་རྒྱུའི་འབད་བརྩོན་དང་། མི་ཚོས་ཀྱང་རེ་བ་བརྒྱབ་རྒྱུ་མང་དུ་འགྲོ་གི་འདུག ང་རང་ཚོ་ཡིན་ནའང་ཆ་རྐྱེན་དེ་ཡོད་པའི་བཟོ་འདྲ་རེད། ང་ཚོ་བཙན་བྱོལ་བ་ཚོས་ད་ལྟ་བར་དུ་ཧུར་ཐག་བྱས་པ་རེད།
ད་དུང་ད་གིན་སྲིད་སྐྱོང་གིས་གསུངས་པ་བཞིན་ང་ཚོ་མུ་མཐུད་ནས་ཕྲ་ཚུགས་ཐབས་དང་། བརྟན་པོ་ཞིག་ཡོང་ཐུབ་རྒྱུར་ཚང་མས་གཟབ་གཟབ་བྱེད་ནས་དཀའ་ལས་བརྒྱབ་དགོས་པ་དེ་གལ་ཆེན་པོ་རེད། དེ་ང་ཚོ་བསམ་བློ་བཏང་ན་སྤོབས་པ་སྐྱེ་རྒྱུ་རེད་འདུག ངོས་རང་ལ་ཆ་བཞག་ན་སྤྱིར་བཏང་བོད་མི་ཞིག་ཆགས་ཡོད། འཛམ་གླིང་འདིའི་སྒང་ལ་རྟག་པར་ཤོད་ཀྱི་ཡོད། ངོས་རང་འཛམ་བུ་གླིང་གི་མི་དུང་ཕྱུར་བདུན་ཅུ་ཡོད་པ་དེའི་ནང་གི་མི་གཅིག་ཡིན། ཞེས་ངོས་རང་ཁྱད་དུ་འཕགས་པ་དེ་འདྲ་གང་ཡང་མིན། ཞེས་རྟག་པར་ཤོད་ཀྱི་ཡོད། ངོས་རང་བོད་མི་ས་ཡ་དྲུག་བདུན་ཞིག་ཡོད་པའི་ནང་གི་བོད་མི་ཞིག་ཆགས་ཡོད་པ་རེད། བཙན་བྱོལ་བའི་ནང་གི་ངོས་རང་མི་ཞིག་ཆགས་ཡོད། ངོས་རང་གི་ངོས་ནས་གང་ཡོང་བྱས་པ་ཡིན། ད་ལྟ་བར་དུ་བྱས་པ་ཡིན། ད་དུང་ཡིན་ནའང་ངོས་ནས་ཆབ་སྲིད་ལས་འགན་བཞག་ཚར་བ་རེད། བོད་ཀྱི་ཆོས་དང་རིག་གཞུང་། ལྟ་གྲུབ་དང་བོད་ཀྱི་ཁོར་ཡུག་དེ་དག་གི་ཐོག་ལ་མ་ཤི་བར་དུ་ངོས་ནས་འགན་ཁུར་བླང་གི་ཡིན།
ངོས་རང་ངོས་ནས་ཧུར་ཐག་བྱེད་ཀྱི་ཡིན་ལ་ཁྱེད་རང་ཚང་མས་མདུན་ལ་འདྲ་ཆག་པོ་དང་། ལས་བསྡོམས་འདྲ་ཆག་པོ་འདྲ་བྱས། དོན་ངོ་མའི་ཐད་ལ་ཐི་གུ་སྣེ་ཤོར་འགྲོ་བའི་བཟོ་འདྲ་བོ། ལྷོད་ཡངས་ཤོར་བའི་བཟོ་འདྲ་བོ། དེ་འདྲ་མི་ཡོང་རྒྱུ་དང་། ངོ་ལྐོག་བྱེད་མི་དགོས་རྒྱུ་དངོས་ཡོད་ཐོག་ནས་ཁ་ཡོད་ལག་ཡོད་གྲུབ་འབྲས་བསྟན་རྒྱུ་ཡོད་པ་ཞིག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག ང་ཚོ་ཆོས་པ་ཚོ་ཡིན་ནའང་ཁ་ནས་སངས་རྒྱས་གོ་འཕང་ཐོབ་པ་ཤོག་ཅེས་བརྗོད་ནས། ངོ་ཐོག་ཉིན་རེ་ཉིན་རེའི་འཚོ་བའི་ནང་ལ་ག་རེ་བྱེད་བཞིན་འདུག རྣམ་མཁྱེན་གོ་འཕང་བསྒྲུབ་རྒྱུའི་བྱམས་སྙིང་རྗེ་དང་སྟོང་ཉིད་ཕར་བཞག་ནས་མི་དགེ་བཅུ་སྤོངས་ཀྱི་ཚུལ་ཁྲིམས་ཡག་པོ་ཞིག་མེད་པར་ཆགས་པ་ཡིན་ན་ཁ་ནས་འདྲ་ཆག་པོ་བཤད་པ་མ་གཏོགས་ལག་ལེན་གང་ཡང་མེད། ཨིན་ཇི་སྐད་ནང་ཡོད་པ་བཞིན་ hypocrisy ཞེས་པ་དེ་ཆགས་ཀྱི་ཡོད། དེར་བརྟེན་ང་རང་ཚོ་ཚང་མས་ལས་ཀ་གང་དང་གང་ཡིན་ནའང་ཁ་ཡོད་ལག་ཡོད་ཀྱི་གྲུབ་འབྲས་ཐོན་པ་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་འདུག འདི་བར་དེ་རིང་འདིར་མི་མང་པོ་ཞིག་འཛོམས་པའི་སྐབས་དེར་གཏམ་བཟང་འདི་ཡིན།
བཟང་པོ་ཡོད་ན་ངན་པ་ཡོད་དགོས་པ་ཆོས་ཉིད་རེད། བཟང་པོ་ཡོད་ན་ངན་པ་ཡོད་དགོས། བཟང་པོ་རྐྱང་རྐྱང་ཡིན་ན་བཟང་པོའི་ངོ་གསོ་འཐོན་རྒྱུ་གང་ཡང་མེད། བློ་ཕམ་གྱི་རང་བཞིན་ངན་པའི་ཆ་ནས་བཤད་ན། བར་སྐབས་འོས་བསྡུ་ཆེན་མོའི་སྐབས་ཡ་རབས་སྤྱོད་བཟང་གྱི་མཚམས་ལས་ཏོག་ཙམ་མར་བབ་པ་ལྟ་བུ་འདུག ལྷག་པར་རེ་ཟུང་རེ་ཟུང་གི་བྱེད་ལས་ལ་བརྟེན་ནས་ཆོལ་ཁའི་འཐེན་ཁྱེར་གྱི་རྣམ་པ་ཕྲན་བུ་འཐོན་བཞིན་འདུག ཧ་ཅང་བློ་ཕམ་བྱུང་། ང་ཚོ་སྤོབས་པ་བྱ་རྒྱུ་དང་། ང་ཚོས་འཛམ་གླིང་སྤྱི་ལ་མིག་དཔེ་འདོན་ཐུབ་རྒྱུ་ཞིག་ཡོད་པ་དེ་ཉམ་དམས་སོ་སོས་གཏོང་བཞིན་ཡོད། དངོས་གནས་ཡ་རབས་སྤྱོད་བཟང་། དྲང་བདེན། རྒྱབ་མདུན་ངོ་ལྐོག་མེད་པ། ཕྱི་གསལ་ནང་གསལ་དེ་འདྲ་ཞིག་གིས་ང་ཚོས་སྤོབས་པ་བྱས་ནས་འཛམ་གླིང་འདིའི་སྒང་ལ་གདོང་སྟོན་ཐུབ་ཡག་གི་ཆ་རྐྱེན་གཙོ་བོ་དེ་ང་ཚོ་ཡ་རབས་དྲང་བདེན། སྤྱོད་བཟང་འདི་ཆགས་ཡོད། འདི་ཏོག་ཙམ་ཉམ་ཆག་ཕྱིན་འདུག བསྟན་པ་མགོ་ནས་བཤིག་ཡག་ལྟ་བུ་ཆགས་ཡོང་སྐབས་བློ་ཕམ་ཧ་ཅང་ཡོང་བཞིན་འདུག འདི་ང་ཚོའི་ངན་པའི་ཆ་འདི་རེད། ཆོལ་ཁའི་སྐད་ཆའི་འཐེན་འཁྱེར་ལྟ་བུ་ཕྲན་བུ་ཡོང་བ་དེ་མང་ཆེ་བར་ཁག་མེད། མི་རེ་ཟུང་མགོ་བདེ་པོ་དང་མིག་རྒྱང་ཐུང་ཐུང་། འཕྲལ་སེལ་ངོ་གདོང་མ་གཏོགས་ཆེ་ས་ནས་བསམ་བློ་མ་མཐོང་མཁན་ཆོལ་ཁའི་འཐེན་འཁྱེར་ལྟ་བུ། ཕྱོགས་མཚུངས་ཆོས་ལུགས་ཀྱི་འཐེན་འཁྱེར་ལྟ་བུ་ཡོང་གྲབས་བྱེད་བཞིན་འདུག འདི་ཚོ་སྐྱོན་ཡིན་པར་ངོས་འཛིན་བྱས་ནས་དེ་འདྲ་མ་ཡོང་བ་ཞིག་བྱེད་དགོས། ཆོལ་ཁ་གསུམ་ཆིག་སྒྲིལ་ཟེར་བ་འདི་སྔར་དུས་རབས་ ༧།༨།༩ དེ་ཚོའི་སྐབས་ཆོས་རྒྱལ་བཀའ་དྲིན་ཅན་དེ་དག་གི་འོག་ལ་ཆོལ་ཁ་གསུམ་གཅིག་གྱུར་ཆགས་ཡོད།
ང་ཚོའི་ཐུན་མོང་མིན་པའི་ཡི་གེ་དེ་ཡང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ནས་དེ་སྔ་ཞང་ཞུང་གི་སྨར་ཡིག་ཡོད་མེད་གང་ལྟར་ཡང་། ཐོན་མི་སམ་བྷོ་ཊས་གཏན་འབེབས་གནང་ནས་བཟོས་བཞག་པའི་བོད་ཡིག་འདི་རེད། ང་ཚོའི་བཀའ་འགྱུར་བསྟན་འགྱུར་དེ་དག་ཡི་གེ་འདིའི་ནང་ཡོད། སྐད་ཀྱི་གདང་མི་འདྲ་བ་ཡོད། འོན་ཀྱང་བོད་ཆོལ་ཁ་གསུམ་ཡོངས་རྫོགས་དང་མདོར་ན་ཧི་མཱ་ལ་ཡི་རི་རྒྱུད་དང་བཅས་པར་བཀའ་འགྱུར་བསྟན་འགྱུར་གང་དུ་ཡོད་ས་དེར་བཀའ་འགྱུར་བསྟན་འགྱུར་གྱི་ཡི་གེ་འདི་ཚང་མས་བེད་སྤྱོད་བྱེད་བཞིན་ཡོད། བོད་པ་གཅིག་གྱུར་འདིས་བཟོ་བཞིན་ཡོད། ང་ཚོ་དུས་ཚོད་དཀའ་ངལ། ཆབ་སྲིད་ཀྱི་འཕོ་འགྱུར་ཇི་འདྲ་ཞིག་བྱུང་བ་ཡིན་ནའང་གཞན་ལ་ལྟོས་མི་དགོས་པར་ང་རང་ཚོའི་ཆོས་དང་རིག་གཞུང་གཏིང་ཟབ་འདི་བོད་ཆོལ་ཁ་གསུམ་གཅིག་སྒྲིལ་གྱི་འོག་ནས་འདས་པའི་ལོ་ངོ་སྟོང་ཕྲག་ལྷག་རིང་ང་ཚོས་ཉར་ཚགས་བྱས་ཡོད། མ་འོངས་པར་ཡང་བོད་ཆོལ་ཁ་གསུམ་གཅིག་ཏུ་སྒྲིལ་བའི་གང་ལྟར་ང་ཚོ་ཐུན་མོང་གོང་བུའི་ནུས་པའི་ཐོག་ནས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་འདི་ཉམས་པ་སོར་ཆུད་མི་ཉམས་གོང་སྤེལ་ཡོང་ཐུབ་པ་ཞིག་རེད།
དེར་བརྟེན་འཕྲལ་སེལ་དགོས་པ་ཆུང་ངུ་ཞིག་ལ་དམིགས་ནས་ཆོས་ལུགས་འཐེན་འཁྱེར་ལྟ་བུ་དང་། དེ་བཞིན་ལུང་ཚན་གྱི་འཐེན་འཁྱེར་ལྟ་བུ་བྱས་ན། དངོས་གནས་བློ་ཆུང་ཕན་བཏགས། བཟེར་བ་དེ་ཆགས་རྒྱུ་རེད། ཡག་པོ་རྩ་བ་ནས་མེད། དེར་བརྟེན་ང་ཚོ་ཆོལ་ཁ་གསུམ་པོ་འདི་སྐྱིད་ན་སྐྱིད་གཅིག སྡུག་ན་སྡུག་གཅིག་བྱས་ནས་ང་ཚོ་སྐྱིད་སྡུག་མཉམ་མྱོང་བྱས་ནས་ཡིན་མ་གཏོགས། ང་ཚོ་འདིར་ཆོལ་ཁའི་དབྱེ་བ་ཕྱེ་ནས་དེ་འདྲ་ནམ་ཡང་མི་ཡོང་བ་ཞིག་བྱེད་དགོས་པ་ཁྱེེད་རང་ཚོ་ཚང་མས་སེམས་ནང་ཞོག་དགོས། འགོ་འཁྲིད་མཁན་ཚོས་འདི་སེམས་ནང་ཞོག ལས་ཀ་བྱེད་མཁན་ཚོས་ཀྱང་འདི་སེམས་ནང་ཞོག མི་མང་ཚོས་ཀྱང་འདི་སེམས་ནང་ཞོག བླ་མ་དགེ་བཤེས་འགའ་ཤས་ཡོད། ང་ཚོས་འདིར་སྐད་ཆ་བཤད་པ་རྣམས་རིམ་བཞིན་གསན་རྒྱུ་རེད། ཆོས་ཕྱོགས་ཀྱི་ང་ཚོ་སྟོན་པ་གཅིག་གི་རྗེས་འབྲང་རེད། དབུ་ཁྲིད་བླ་མ། དགེ་བཤེས་ཚོ་ཡིན་ནའང་འདི་སེམས་ནང་ཞོག ཡང་སྒོས་ལྷག་པར་ཅན་དུ་དཔལ་ན་ལེནྡྲ་འི་མགོན་པོ་ཀླུ་སྒྲུབ་དང་ཐོགས་མེད་ཀྱི་རྗེས་སུ་འབྲང་མཁན་གཅིག་འགྱུར་རེད། དེ་འདྲ་ཡིན་བཞིན་དུ་ཞྭ་མོའི་ཚོས་གཞི་འདྲ་མིན་དང་། ཕར་ཕྱོགས་དེར་དགོན་པ་ཆུང་ཆུང་ལྟ་བུ་སྦར་མོ་གང་ལྟ་བུ་ཚོས་ང་དང་ཁྱོད། ཟེར་ནས་ལབ་རེས་བྱས་ན་བྱབ་ཆུང་རེད། དེ་རིང་ཁེ་སང་དཀྱིལ་ཤར་ཡུལ་གྲུའི་ནང་ལྟོས་དང་། ཡི་ཤུ་དང་ཁ་ཆའི་ཆོས་ལུགས་དབར་འཁྲུག་པ་རྒྱག་བཞིན་ཡོད།
བྱང་ཕྱོགས་ཨ་ཡིར་ལེན་ཌིར་ Northern Ireland མཚོན་ན། ཡི་ཤུ་རྣམ་དག་དང་ཡི་ཤུའི་ཆོས་ལུགས་གསར་མའི་དབར་འཁྲུག་རྩོད་བྱེད་བཞིན་ཡོད། ཁ་ཆེ་གཅིག་འགྱུར་ནང་དུའང་སུན་ནི་ Sunni དང་ཤི་ཡ་ Shia གཉིས་རྒྱག་རེས་བྱེད་བཞིན་ཡོད། ང་ཚོ་འདས་པའི་བོད་པའི་ལོ་རྒྱུས་ནང་ཞྭ་དམར་སེར་དབར་དང་། ས་སྐྱ་དགེ་ལུགས་གྱི་དབར་རྒྱག་རེས་བརྒྱབ་པ་ལྟ་བུ་བྱུང་ཡོད། དེ་ཚོ་ངོ་ཚ་དགོས་པ་ཞིག་རེད། ང་ཚོ་མི་རབས་གསར་པ་ཞིག་དང་དུས་རབས་གཉན་འཕྲང་ཞིག་གི་སྒང་བསླེབས་ཡོད་པ་དང་། འཛམ་གླིང་སྤྱི་ལ་ང་ཚོས་འབོར་ཤོབ་དང་སྦྲགས་ཤོད་རྒྱུའི་གནས་ཚུལ་ཐོག་ཞབས་འདྲེན་ང་ཚོའི་ནང་ནས་ཞུས་ནས་བསྡད་ན་ཐབས་སྡུག་རེད། ངོ་ཚ་དགོས་པ་ཞིག་རེད། ང་ཚོ་བཅོམ་ལྡན་འདས་ཀྱི་རྗེས་འབྲང་པ་ཞིག་རེད། བཅོམ་ལྡན་འདས་ཀྱི་ག་རེ་དགོངས་རྒྱུ་རེད་དམ། ཀླུ་སྒྲུབ་ཡབ་སྲས་ལ་སོགས་པས་ག་རེ་དགོངས་རྒྱུ་རེད་དམ། ང་ཚོའི་བོད་གངས་ཅན་ལྗོངས་ཀྱི་སྔོན་གྱི་ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པ་རིས་སུ་མ་ཆད་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེ་བོ་དམ་པ་དེ་དག་གིས་ག་རེ་དགོངས་རྒྱུ་རེད་དམ། ཆོས་ལ་དད་པ་མེད་ན་གནས་ཚུལ་ཐ་དད་རེད། དཔེར་ན། ཆོས་ལ་སྐྱོན་བལྟས་ནས་ཆོས་གཏོར་བཤིག་བཏང་ན་སོ་སོ་རང་དབང་རེད། ཁྱད་གང་ཡང་མེད། གལ་ཏེ་ཆོས་བྱེད་ཀྱི་ཡོད་ན་བྱེད་སྟངས་དེ་འདྲ་མ་རེད། ཚང་མས་བྱམས་དང་བྱང་ཆུབ་སེམས་པ། སྟོང་ཉིད་ཀྱི་ལྟ་བ་སོགས་ལ་ཉམས་ལེན་ཡག་པོ་བྱེད་དགོས། ཁ་ནས་བཤད་པ་ཙམ་གྱི་འགྲིག་གི་མེད། སོ་སོས་ལག་ལེན་འཁེལ་བ་ཞིག་བྱས་ནས་མྱོང་བ་ཐོན་པ་ཞིག་བྱུང་ན་བྲོ་བ་ཁ་གི་རེད། གཞན་ཁ་ནས་བརྒྱ་བཤད་སྟོང་བཤད་བྱས་ཏེ་དོ་སྣང་དང་ལག་བསྟར་མ་བྱེད་ན་བྲོ་བ་ཁ་གི་མ་རེད། དེ་ནི་མཁས་པས་ཚིག་སྐམ་པོ་བཤད་པ་ཙམ་མ་གཏོགས་དགོས་པ་གང་ཡང་མེད། དེར་བརྟེན་དགོས་ས་དེ་སོ་སོས་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བའི་ཐོག་ནས་སློབ་སྦྱོང་དང་ཉམས་ལེན་ཡག་པོ་བྱེད་དགོས། ཆོས་ལུགས་དང་ཆོལ་ཁའི་འཐེན་འཁྱེར་སོགས་ནམ་ཡང་མ་བྱོད་ལ། མཁྱེན་སོང་ངམ། གལ་ཏེ་ངོས་ལ་གྲོགས་པོའི་འདུ་ཤེས་ཕྲན་བུ་ཞིག་ཡོད་པ་ཡིན་ན་དེ་ཁ་ལ་ཉན་དགོས། ༸རྒྱལ་བ་རིན་པོ་ཆེའི་མདུན་ལ་ཐུགས་པའི་སྐབས་དགའ་རབ་ཡིན་མདོག་བྱས། རྒྱབ་དེར་ཆོས་ལུགས་དང་ཆོལ་ཁའི་འཐེན་འཁྱེར་བྱེད་རྒྱུ་དང་། སྐྱག་རྫུན། ཧམ་པ་ཕྲན་བུ་བཤད་ན་ཡག་པོ་མེད། ཤེས་སོང་ངམ། ཞེས་བཀའ་སློབ་སྩལ་ཡོད།།