༢༠༡༦ ༥ ཚེས་ ༤ རེས་གཟའ་ལྷག་པ།
༄༅། །དེང་སྐབས་འཛམ་གླིང་དཀྱིལ་ཤར་མངའ་ཁུལ་དང་ཨ་ཕི་རི་ཁ། དེ་བཞིན་ལྷོ་ཤར་ཨེ་ཤི་ཡ་སོགས་ཀྱི་ནང་སྤྱི་ཚོགས་དང་། ཆོས་ལུགས། དེ་བཞིན་ཆབ་སྲིད་ཀྱིས་རྐྱེན་པས་འཁྲུག་རྩོད་དང་དམག་ཟིང་འོག་བུད་མེད་དང་བྱིས་པ་གཙོ་བོར་གྱུར་བའི་ཉེས་མེད་མང་ཚོགས་རྣམས་དཀའ་སྡུག་ཧ་ཅང་མྱོང་བཞིན་ཡོད་སྟབས། ཡུ་གྷན་ཌ་ Uganda དང་ལྷོ་སུ་དཱན། South Sudan ཨི་ཇིཔ། Egypt ཀེནྱཱ། Kenya མེན་མར། Myanmar སོ་མ་ལི་ཡ། Somalia ཨི་རག Iraq སུ་དཱན། Sudan ན་ཡི་ཇེ་རི་ཡ། Nigeria ཨབ་གྷ་ནི་སི་ཐན། Afghanistan མོ་རོ་ཀོ། Morocco སི་རི་ཡ། Syria ཏུ་ནི་ཤི་ཡ། Tunisia ལིབ་ཡ་ Libya བཅས་ཀྱི་དཀའ་ངལ་གཞི་ལ་བཞག་ནས་དུས་རབས་ ༢༡ དུས་སྐབས་སུ་མིའི་སྤྱི་ཚོགས་ནང་བསམ་ཚུལ་དང་ལྟ་བ། ལང་ཕྱོགས་སོགས་མི་མཐུན་པ་ལ་བརྟེན་ནས་དཀའ་ངལ་རིགས་ཇི་འདྲ་ཞིག་འཕྲད་ཀྱང་ལམ་སེང་དྲག་པོའི་ཐབས་ལམ་ཐོག་ནས་མིན་པར་ཕྱོགས་ཕན་ཚུན་དབར་འཚེ་མེད་ཞི་བ་གྲོས་མོལ་གྱི་ལམ་ནས་མི་མཐུན་པ་རྣམས་སེལ་ཐབས་ཀྱི་ཐབས་ལམ་འཚོལ་ཆེད།
ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༣ ཉིན་བཞུགས་སྒར་ཕོ་བྲང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག གོང་བརྗོད་ཡུལ་གྲུ་དེ་དག་ནས་གཞོན་སྐྱེས་ཕོ་མོ་གྲངས་ ༣༠ བརྒལ་བས་བསམ་ཚུལ་བརྗེ་ལེན་གྱི་བགྲོ་གླེང་ལྷན་ཚོགས་ཤིག་ཚོགས་ཡོད། སྐབས་དེར་༸གོང་ས་མཆོག་གིས་ཆེད་དུ་མགྲོན་འབོད་གནང་བའི་རྒྱ་གར་ཁ་ཆེའི་ཆོས་པ་སྤྱི་ཚོགས་ཞབས་ཞུ་བ་དང་དེ་སྔ་གཞུང་ཞབས་ཟུར་པ་འབུམ་རམས་པ་ས་ཡི་དི་ཛ་ཕར་མ་ཧཱ་མུ་དི་ Dr Syed Zafar Mahmood མཆོག་དང་། རྒྱ་གར་ཨ་ཇི་མེར་ཁ་ཆེའི་ལྷ་ཁང་གྲགས་ཅན་གྱི་ཆོས་དཔོན་སྐུ་ཞབས་དི་ཝན་ས་ཡི་དི་ཛེ་ནུལ་ཨ་བྷེ་དེན་ Dewan Syed Zainul Abedin མཆོག་རྣམ་གཉིས་ཀྱང་མཉམ་ཞུགས་གནང་འདུག ཁོང་རྣམ་གཉིས་ཆོས་ལུགས་མཐུན་སྒྲིལ་ཐོག་གཟེངས་སུ་ཐོན་པའི་ཕྱག་ལས་གནང་མཁན་ཡིན་འདུག དེ་ཡང་ལྷན་ཚོགས་སྐབས་ཐོག་མར་ཚོགས་བཅར་བ་རྣམས་ཀྱིས་རེ་རེ་བཞིན་རང་ཉིད་ངོ་སྤྲོད་ཞུས་འདུག དེ་རྗེས་ལྷན་ཚོགས་དབུ་འཛུགས་ཀྱིས་ཐོག་མར་༸གོང་ས་མཆོག་གིས་སྐུལ་མ་མཛད་པ་ལྟར་སྐུ་ཞབས་དི་ཝན་ས་ཡི་དི་ཛེ་ནུལ་ཨ་བྷེ་དེན་མཆོག་གིས་སྨོན་ལམ་གསུང་འདོན་གནང་། དེ་རྗེས་ལས་རིམ་གཙོ་སྐྱོང་བ་ནེན་སི་ལིན་བྷོག་ Nancy Lindborg ལགས་ཀྱིས་༸གོང་ས་མཆོག་ལ་བཀའ་སློབ་སྩལ་རྒྱུའི་གསོལ་འདེབས་ཞུས་དོན་ལྟར་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན།
ངོས་རང་དེ་རིང་འདིར་ཁྱེད་རང་ཚོ་གཞོན་སྐྱེས་མང་པོ་ཞིག་དང་ཐུག་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། རྒྱ་གར་ཡུལ་འདིར་མཚོན་ན་ཆོས་ལུགས་འདྲ་མིན་མང་པོ་འཆམ་མཐུན་དང་ཞི་བདེའི་ངང་འཚོ་གནས་བྱེད་སའི་ལུང་པ་ཞིག་ཡིན། ངོས་རང་ཕྱི་ལོ་ ༡༩༧༣ ལོར་ཡུ་རོབ་ཁུལ་དུ་ཐོག་མར་བསྐྱོད་སྐབས་འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་འཛིན་དགོས་པའི་སྐད་ཆ་དེ་བཤད་པ་རེད། དེ་ནས་རང་བཞིན་གྱིས་གོ་ལ་སྤྱིའི་ལས་འགན་ཐོག་འབད་བརྩོན་ཤུགས་ཆེ་ཙམ་བྱེད་དགོས་པའི་གནས་སྟངས་དེ་འདྲ་རེད། ད་ཆ་མང་ཚོགས་དཀྱུས་མ་དང་།
ལྷག་པར་གཞོན་སྐྱེས་ཁྲོད་འགྲོ་བ་མི་རིགས་གཅིག་གྱུར་ཡིན་བསམ་པའི་འདུ་ཤེས་འཛིན་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པའི་རྣམ་པ་གསལ་པོ་མཐོང་ཡོང་སྐབས་སྙིང་སྟོབས་འཕེལ་བཞིན་འདུག གང་ཡིན་བརྗོད་ན་ང་ཚོར་སྡོད་ཁང་གོ་ལ་འདི་ལས་མེད་སྟབས་ཚང་མ་འཆམ་མཐུན་ངང་གནས་དགོས་པ་ཧ་ཅང་གལ་ཆེན་པོ་རེད། འཛམ་གླིང་མི་གྲངས་ཐེར་འབུམ་ ༧ ཡོད་པ་ཚང་མས་མའི་བྱམས་སྐྱོང་འོག་འཚོ་བའི་ཉམས་མྱོང་གཅིག་མཚུངས་ཤིག་ཡོད་སྟབས། རང་ཉིད་ཙམ་མ་ཟད་གཞན་ལའང་བྱམས་བརྩེའི་ཉམས་ལེན་སྤེལ་རྒྱུའི་ནུས་པ་ཡོད། གལ་ཏེ་ང་ཚོས་འཛམ་གླིང་ནང་ཞི་བདེ་སྐྲུན་དགོས་ན་ཐོག་མར་ནང་གི་ཀུན་སློང་ནས་འགོ་བརྩམས་དགོས། ཀུན་སློང་ཞི་བ་ཞིག་དགོས། ཞེས་བཀའ་སློབ་སྩལ། ཕྱོགས་མཚུངས་༸གོང་ས་མཆོག་གིས་སྐབས་དེར་ཆོས་ལུགས་ཚང་མར་གཙོ་བོ་ཉམས་ལེན་གྱི་ཆ་དང་། ལྟ་གྲུབ་ཀྱི་ཆ།དེ་བཞིན་རིག་གཞུང་གི་ཆ་བཅས་རྣམ་པ་གསུམ་ལྡན་ཡོད། བྱམས་བརྩེ་ཉམས་ལེན་དེ་ཉམས་ལེན་གྱི་ཆ་དང་། འཇིག་རྟེན་བཀོད་པ་པོ་ཡོད་མེད་དེ་ལྟ་གྲུབ་ཀྱི་ཆ། རིག་གཞུང་གི་ཆ་ནི་དཔེར་ན་རྒྱ་གར་ལྟ་བུར་མཚོན་ན། རིགས་དབྱེ་འབྱེད་བྱེད་པའི་ལམ་ལུགས་དང་། ནང་ཆོས་ལ་ཕོ་མོའི་དབྱེ་འབྱེད་ཡོད་པའི་མཐོང་སྣང་། རིག་གཞུང་གི་ཆར་གཏོགས་པ་དེ་དག་ད་ཆ་དུས་ཚོད་ཡོལ་ཟིན་པའི་ལམ་ལུགས་རྙིང་པ། སྤྱི་ཚོགས་ཀྱི་གནས་བབ་དང་མ་རན་པ་ཞིག་ཡོད་ན་དེར་འགྱུར་བ་གཏོང་དགོས། ཞེས་སོགས་བཀའ་སློབ་སྩལ་བ་མ་ཟད།
དེ་སྔ་ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༩ ནས་བཟུང་༸གོང་ས་མཆོག་གིས་ཁ་ཆེའི་ཆོས་ལུགས་ལ་རྒྱབ་སྐྱོར་མཛད་པ་དང་། ཁ་ཆེའི་ཆོས་གྲོགས་ཤིག་གིས་ཁ་ཆེའི་ཆོས་ནང་གཞན་གྱི་སྲོག་བཅད་པ་ཡིན་ན་ཁ་ཆེ་རྣམ་དག་མིན་སྐོར་གསུངས་ཡོད་པ་ལུང་འདྲེན་མཛད་ནས་སྤྱིར་ཁ་ཆེའི་ཆོས་དེ་འཚེ་བ་ལ་བརྟེན་པའི་ཆོས་ལུགས་ཤིག་ཡིན་པའི་གོ་བ་ལོག་སྒྲུབ་བྱས་ནས་སྤྱི་ཚོགས་ནང་འགལ་བསྡུའི་བསམ་བློ་འཛིན་མཁན་དེ་དག་ཁ་ཆེའི་ཆོས་ཀྱི་ནང་དོན་སྙིང་པོའི་གོ་བ་མ་རྟོགས་པར་ཡིད་ཆེས་མཛད་བཞིན་ཡོད་སྐོར་བཀའ་སློབ་སྩལ། དེ་རྗེས་རྒྱ་གར་ཨ་ཇི་མེར་ཁ་ཆེའི་ལྷ་ཁང་གྲགས་ཅན་གྱི་ཆོས་དཔོན་སྐུ་ཞབས་དི་ཝན་ས་ཡི་དི་ཛེ་ནུལ་ཨ་བྷེ་དེན་མཆོག་གིས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་བ་དེར་མོས་མཐུན་ཞུས་པ་དང་སྦྲགས་རྒྱ་གར་ནི་ཆོས་ལུགས་འདྲ་མིན་གྱི་རྗེས་འབྲང་པ་ཚོ་འཆམ་མཐུན་ངང་གནས་སའི་ཡུ་གྲུ་ཞིག་ཡིན་སྐོར་གསུངས། གསོལ་ཇའི་བར་གསེང་རྗེས་བགྲོ་གླེང་མུ་མཐུད་འཚོགས་སྐབས་གཞོན་སྐྱེས་ཚོས་སོ་སོའི་བསམ་ཚུལ་བཏོན་ནས་གོ་བསྡུར་ལྷུག་པོ་གནང་བ་དང་སྦྲགས་༸གོང་ས་མཆོག་ལ་དྲི་བ་ཞུས་པར་མགོན་པོ་གང་ཉིད་མཆོག་གིས་སྐབས་དེར་བཀའ་ལན་སྩལ་དོན།
ང་ཚོ་དུས་རབས་ ༢༠ མི་རབས་རེད། དུས་རབས་དེའི་རིང་འཛམ་གླིང་ནང་རྙོག་གྲ་འདྲ་མིན་སྣ་ཚོགས་བཟོས་ཡོད་པ་དེ་དག་ད་ཆ་དུས་རབས་ ༢༡ མི་རབས་ཚོས་གཙང་གསལ་བཟོ་དགོས། དེར་བརྟེན་གལ་ཏེ་ཁྱེད་རང་ཚོས་ད་ལྟ་ནས་ལས་འགུལ་སྤེལ་འགོ་བཙུག་ཐུབ་ན་དུས་རབས་འདིའི་མཇུག་ཙམ་བསླེབས་སྐབས་འཛམ་གླིང་ནང་ཕྲན་བུའི་ཞི་བདེ་ལྷིང་འཇག་ཆེ་བ་ཡོང་ངེས། ལས་འགུལ་དེའི་ཆ་ཤས་གཙོ་ཆེ་བ་གཅིག་ནི་ཤེས་ཡོན་གྱི་ལམ་ལུགས་གཞི་རྒྱ་ཆེ་རུ་བཏང་ནས་ནང་གཤིས་རྒྱུས་དང་འབྲེལ་བའི་བསམ་བློའི་འགྲོ་སྟངས་དང་རྣམ་རྟོག་གི་བྱེད་ལས་དང་འབྲེལ་བའི་རྣམ་གཞག་སྐོར་དེ་དག་སློབ་ཚན་དུ་བཞག་ནས་སློབ་སྦྱོང་བྱ་རྒྱུ་དེ་རེད། བློ་ཞི་བདེ་བག་ཕེབས་ཡོད་ན་ལེགས་ཉེས་རྣམ་གཞག་འབྱེད་རྒྱུ་ལས་སླ་བ་ཡོད། ཅེས་བཀའ་ལན་སྩལ་བ་མ་ཟད། དེང་སྐབས་དམག་འཁྲུག་ལ་བརྟེན་ནས་སྐྱབས་བཅོལ་དུ་བྲོས་བྱོལ་དུ་ཡོང་མཁན་རྣམས་ལ་རྒྱལ་ཁབ་མང་པོས་མཐུན་འགྱུར་རོགས་རམ་གནང་བཞིན་པ་དེ་དག་བསྔགས་འོས་ཤིག་ཡིན་ནའང་། གཙོ་ཆེ་ཡུལ་གྲུ་དེ་དག་ནང་ཞི་བདེ་ལྷིང་འཇགས་སྐྲུན་ཐབས་བྱེད་དགོས། དེ་ལྟར་ཡོང་བར་ཐོག་མར་དམག་མཚམས་འཇོག་གིས་ཕྱོགས་གཉིས་དབར་སྐད་ཆ་ཤོད་རེས་བྱེད་འཇུག་དགོས། དེ་གོམ་པ་དང་པོ་དེ་རེད། ངོས་རང་དཔལ་ན་ལེནྡྲའི་གསོལ་རྒྱུན་འཛིན་མཁན་གྱི་ནང་པའི་དགེ་སློང་ཞིག་ཡིན་སྟབས་རིགས་ལམ་དང་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་བཀོལ་དཔྱོད་བྱ་རྒྱུའི་ཐོག་སྦྱོང་བརྡར་བྱས་ཡོད། དཔྱད་པ་བྱས་ནས་ཕྱིན་པ་ཡིན་ན་དཀའ་ངལ་སེལ་རྒྱུའི་ནུས་པ་ཧ་ཅང་ཡོད། ཨ་རིའི་སེམས་ཁམས་རིག་པ་བ་སྐུ་ཞབས་ཨེ་རོན་བྷེག་ Aaron Beck ལགས་ཀྱིས་ངོས་ལ་ང་ཚོ་ཁོང་ཁྲོ་ལང་སྐབས་ཁོང་ཁྲོ་ཟ་སའི་ཡུལ་དེ་མཐའ་གཅིག་ཏུ་མི་སྡུག་པ་མཐོང་བཞིན་ཡོད།
འོན་ཀྱང་མཐའ་གཅིག་ཏུ་མི་སྡུག་པར་འཛིན་པའི་རྣམ་རྟོག་དེའི་བརྒྱ་ཆ་ ༩༠ སོ་སོའི་བསམ་བློས་སྒྲོ་བཏགས་ལ་བརྟེན་ནས་ཡོང་བཞིན་ཡོད་སྐོར་གསུང་ཡོད། དེར་བརྟེན་ང་ཚོས་དངོས་ཡོད་གནས་ཚུལ་ལ་ཆ་མ་བཞག་པར་སྣང་ཚུལ་ཙམ་གྱི་རྗེས་སུ་འབྲང་རྒྱུའི་ཉེན་ཁ་ཡོད། ཅེས་བཀའ་ལན་སྩལ། མཐར་ལྷན་ཚོགས་མཇུག་སྒྲིལ་མཚམས་༸གོང་ས་མཆོག་གིས་ཚོགས་བཅར་བ་ཚང་མར་ཐུགས་རྗེ་ཆེ་གསུང་གནང་མཛད། ལྷན་ཚོགས་སང་ཉིན་མུ་མཐུད་ནས་འཚོགས་རྒྱུ་ཡིན་འདུག སྤྱིར་ལྷན་ཚོགས་གོ་སྒྲིག་ཞུ་མཁན་ཨ་རིའི་ཞི་བདེ་གོང་སྤེལ་བསྟི་གནས་ཁང་ United States Institute of Peace ཞེས་པ་འདི་ཡིན་འདུག