༢༠༡༦ ཟླ་ ༤ ཚེས་ ༢༨ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༢༥ ཉིན་རུ་སོག་བོད་ཀྱི་སྐུ་ཚབ་དོན་ཁང་དང་། མོ་སི་ཁོར་Moscowརྟེན་གཞི་བྱས་པའི་བོད་ཁང་། བོད་སྐྱོབ་དགེ་རྩ་ཆོགས་པ་བཅས་ཐུན་མོང་གིས་གོ་སྒྲིག་འོག ཨུ་རུ་སུའི་རྒྱལ་ས་མོ་སི་ཁོའི་ནང་ཡོད་པའི་ས་ཁ་རོབ་འགྲེམས་སྟོན་བསྟི་གནས་ཀྱི་ཚོགས་ཁང་ Sakharov centers exhibition ནང་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༢༧ ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད།
དེ་ཡང་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོར་བོད་དོན་རྒྱབ་སྐྱོར་བ་མང་དག་ཅིག་མཉམ་ཞུགས་ཐོག་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་དོན། བོད་ནང་རྒྱ་ནག་གཞུང་གིས་བོད་མིའི་ཐོག་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་པ་མ་ཟད། བོད་མིའི་ཐུན་མིན་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུར་དམ་བསྒྲགས་བྱས་དང་བྱེད་མུས་ཡིན་པར་བརྟེན། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་རྒྱ་ནག་གཞུང་ལ་འཛེམ་ཟོན་མེད་པར་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད།
འོན་ཀྱང་བློ་ཕམ་པའི་གནས་ཚུལ་ལ་པཎ་ཆེན་རིན་པོ་ཆེ་མཆོག་དོགས་གཞིའི་གནས་སྟངས་འོག་སྐུ་གཤེགས་ཡོད་པ་མ་ཟད། ༸གོང་ས་མཆོག་གིས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་མཛད་རྗེས་ཁོང་འཕྲལ་མར་གར་སོང་ཆ་མེད་དུ་གྱུར་ནས་ད་བར་ཁོང་གི་གནས་སྟངས་སོགས་ཀྱི་སྐོར་ལ་ཤེས་རྟོགས་གང་ཡང་མེད་པར་གྱུར་ཡོད། དེ་རིང་ནི་ང་ཚོ་ཚང་མར་དགའ་སྐྱོ་ཟུང་འབྲེལ་གྱི་ཉིན་མོ་ཞིག་ཆགས་ཡོད། ང་ཚོས་དགའ་དགོས་པ་ཞིག་ནི་པཎ་ཆེན་རིན་པོ་ཆེ་མཆོག་འགྲོ་བ་སེམས་ཅན་ཐམས་ཅད་ལ་ཕན་བདེའི་སླད་འཛམ་གླིང་འདིའི་ནང་སླར་ཡང་བྱོན་ཡོད། སྐྱོ་དགོས་པ་ནི་རྒྱ་ནག་གཞུང་གིས་བོད་མི་རྣམས་ལ་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ངོས་འཛིན་མཛད་པའི་པཎ་ཆེན་རིན་པོ་ཆེར་མཚན་སྨད་ཞུས་བཅུག་པ་མ་ཟད། རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་ཡང་སྤྲུལ་ལ་དད་གུས་ཞུ་དགོས་པའི་བཙན་བཀའ་བཏང་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།
ཨུ་རུ་སུ་བོད་ཁང་གི་ཚོགས་གཞོན་སྐུ་ཞབས་ནདྱཱ་བེར་ཀེན་ཇིམ་ Nadya Berkengeym ལགས་ཀྱིས་གསུང་བཤད་གནང་དོན། དེ་ཙམ་ཡོངས་གྲགས་མིན་པའི་སྐད་ཆ་ཞིག་འདིར་ཞུ་རྒྱུར། དེ་སྔོན་རུ་སུའི་རྒྱལ་སྲིད་ཡུན་རིང་ཤོས་སྐྱོང་མཁན་བཙུན་མོ་ཁེ་ཐི་རིན་ཆེན་མོ་མཆོག་གིས་ནང་ཆོས་དེ་རུ་སུའི་གཞུང་འབྲེལ་གྱི་ངོས་ལེན་ཡོད་པའི་ཆོས་ལུགས་ཤིག་ལ་ངོས་འཛིན་གནང་ནས་ལོ་ཉིས་བརྒྱ་ལྔ་བཅུ་འཁོར་བའི་དུས་ཆེན་སྔ་ལོར་སྲུང་བརྩི་ཞུས་ཡོད། པཎ་ཆེན་རིན་པོ་ཆེ་མཆོག་གློད་བཀྲོལ་བཏང་བ་བྱུང་ན་འབྱུང་འགྱུར་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུའི་ཡང་སྲིད་ལ་ཤུགས་རྐྱེན་ཐེབས་སྲིད། གང་ཡིན་བརྗོད་ན་༸རྒྱལ་བ་པཎ་ཆེན་རྣམ་གཉིས་ཡང་སྲིད་རྩད་གཅོད་མཛད་རེས་ཡོད་པ་ནི་ལོ་རྒྱུས་ཁག་ནས་གསལ་བཞིན་ཡོད། ཅེས་སོགས་ཀྱིགསུང་བཤད་གྲུབ་རྗེས་ངག་བཅད་མྱ་ངན་གུས་འདུད་ཞུས་ཏེ་ལས་རིམ་མཇུག་སྒྲིལ་ཡོད་པ་བཅས། །